དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་དུས་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2026-06-10

    ཀྲུང་གོ་དང་ཁྲའོ་ཞན་གྱིས་འཐབ་ཇུས་འབྲེལ་གཏུག་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་མཛའ་གྲོགས་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུ་རེད།

    ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་6ཚེས་8དང་9ཉིན་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། ད་ཐེངས་ཀྱི་འཚམས་འདྲི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་7སོང་རྗེས་སླར་ཡང་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་གནང་བ་ཞིག་ཡིན་ཞིང་། འཚམས་འདྲི་གནང་རིང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མཐོ་ཤོས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་གནང་བའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་སྟེ་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་མཐུན་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་པ་རེད།

    ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པ་སྐུ་ངོ་མས་བཏོད་ཅིང་། ཁྲག་དྲོན་དང་མེ་ལྕེ་འབར་བའི་གསར་བརྗེའི་འཐབ་རྩོད་ཁྲོད་ཞུན་བརྡར་སྤྲས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལོ་རྒྱུས་ལམ་བུའི་ཁྲོད་རྒྱུན་མཐུད་འཕེལ་རྒྱས་བྱུང་བ་ཞིག་རེད། 1949ལོའི་ཟླ་10པར། ཀྲུང་གོ་དང་ཁྲའོ་ཞན་དབར་དངོས་སུ་ཕྱི་འབྲེལ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་བརྩམས་པར་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་77སོང་རིང་། རྒྱལ་ཁབ་གཉིས་པོས་མི་དམངས་ཀྱི་སྲིད་དབང་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་། སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་བུར་མཉམ་དུ་མདུན་སྐྱོད། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་བྱ་གཞག་ཁྲོད་མཉམ་ལས་དམ་ཟབ་བཅས་བྱས་ཡོད། ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་དེ་དུས་རབས་ཀྱི་འཕོ་འགྱུར་དང་རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་ཆེན་པོའི་ཚོད་བགམ་བརྒྱུད་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་གྱུར་ཡོད། དུས་སྐབས་གསར་པ་དང་དུས་བབ་གསར་པའི་འོག ཀྲུང་ཁྲའོ་ཡིས་འཐབ་ཇུས་འབྲེལ་གཏུག་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་མཛའ་གྲོགས་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུ་རེད།

    ཀྲུང་ཁྲའོ་ཡི་འབྲེལ་བའི་ལོ་རྒྱུས་ལམ་བུར་ཕྱིར་མིག་ལྟ་སྐབས། འགོ་ཁྲིད་མཐོ་ཤོས་ཀྱི་མཛའ་གྲོགས་རྒྱུན་འཛིན་དང་འཐབ་ཇུས་ཀྱི་སྣེ་ཁྲིད་ནི་ཀྲུང་ཁྲའོ་ཡི་འབྲེལ་བའི་ལེགས་ཆ་ཆེ་ཤོས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཁྲའོ་ཡི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཉེ་བའི་ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་མཇལ་འཛོམས་ཐེངས་མང་གནང་བ་དང་འབྲེལ་འཕྲིན་ཡིག་དང་གློག་འཕྲིན་སོགས་བརྒྱུད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་གནང་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་སྒྱུར་ཕྱོགས་སྟོན་གནང་ཡོད། ན་ནིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོར་ཕེབས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བའི་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་། འཐབ་ཇུས་ཀྱི་མཛུབ་ཁྲིད་གལ་ཆེན་གནང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།

    ད་ལོ་ནི《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་ངོ་65འཁོར་བའི་ལོ་རེད། 1961ལོར། ཀྲུང་གོ་དང་ཁྲའོ་ཞན་གྱི་འགོ་ཁྲིད་པ་རྒན་རབས་ཚོས་གཟིགས་རྒྱང་རིང་པོས་ཆིངས་ཡིག་དེ་འཇོག་པའི་འཐབ་ཇུས་ཀྱི་ཇུས་འགོད་གནང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁྲག་དྲོན་ལས་གྲུབ་པའི་དམག་འཐབ་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཡུན་རིང་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་རྨང་གཞི་གལ་ཆེན་བཏིང་ཡོད། ལོ་65ཡི་རིང་། ཀྲུང་ཁྲའོ་ཕྱོགས་གཉིས་པོས་ཆིངས་ཡིག་གི་དགོངས་དོན་གཞིར་བཟུང་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་དམ་ཟབ་བྱས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་ཟབ་གཏོང་དང་། རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཡོད། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོས་འབྲེལ་གཏུག་གླེང་མོལ་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་པས། ཀྲུང་ཁྲའོ་མཛའ་གྲོགས་ཀྱི་གཞོམ་ཞིག་མེད་པའི་དུས་རབས་ཀྱི་རིན་ཐང་མངོན་ཡོད།

    ཀྲུང་ཁྲའོ་ནི་ལས་དབང་གཅིག་མཐུན་དང་ཕན་ཚུན་ལྟ་རེས་སྐྱོང་རེས་ཀྱི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ་བཅས་ཡིན་ཞིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་ཁྲའོ་ཡི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། བརྟན་གཏོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་འགྱུར་མེད་ཀྱི་མཛད་ཕྱོགས་ཤིག་རེད། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ཞིང་། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་རྒྱལ་ཁའི་ངང་འཚོགས་པ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ཁྲའོ་ཞན་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་ནས་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་རེད།

    “ང་ཚོའི་རླབས་ཆེའི་མཛའ་གྲོགས་དང་། ང་ཚོའི་ཐུན་མོང་གི་ཕུགས་བསམ་གྱིས། ང་ཚོ་མཐུན་སྒྲིལ་བརྟན་པོ་དང་འགྲན་ཟླ་མེད་པར་གྱུར་ཡོད”ཅེས《ཀྲུང་ཁྲའོ་མཛའ་གྲོགས་གླུ་གཞས》ནང་བཏང་བ་ལྟར། ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་གསེར་ལས་ལྷག ཕྱོགས་གཉིས་པོས་ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ཏེ་ཀྲུང་ཁྲའོ་ཡི་འབྲེལ་བ་དུས་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་ནས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།