དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོའི་ཁ་གསབ་སྲིད་ཇུས་ལས། འཛད་སྤྱོད་འཕེལ་བར་སྐུལ་མ་ཐེབས།

    —— ལྷ་ས་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་ཁེ་འབབ་ལ་བརྟེན་ནས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-10

    འཛད་སྤྱོད་ནི་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་རེད། ད་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་ནང་མཁོ་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“སྲིད་ཇུས་དང་བྱེད་སྒོ་ཟུང་འབྲེལ”གྱི་སྒུལ་ཤུགས་གཉིས་ལ་བརྟེན་ནས་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། གྲངས་འཛིན་ལག་ཐོགས་ཁ་པར་སོགས་གཙོ་གནད་འཛད་སྤྱོད་ཁྱབ་ཁོངས་སུ་གནད་སྨིན་ཤུགས་འདོན་བྱས་པ་དང་། རྒྱལ་ཁབ་ཀྱི་ཁ་གསབ་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི་ས་གནས་ཀྱི་ཁ་གསབ་མཐུན་སྦྱོར་ལག་བསྟར་ལ་སྤྱི་འདོམས་བྱས་ཏེ་ཁ་ཡོད་ལག་ཡོད་ཀྱི་དམངས་ཕན་ཁ་གསབ་འཛད་སྤྱོད་པར་ཐད་ཀར་སྤྲོད་པར་སྐུལ་འདེད་བཏང་ནས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས་པ་དང་འཛད་སྤྱོད་པའི་གདེང་ཚོད་ཆེ་རུ་ནུས་ལྡན་བཏང་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། 2026ལོར་འཛད་སྤྱོད་པ་སྒེར་གྱིས་འཁྱགས་སྒམ་དང་། གོས་འཁྲུད་འཕྲུལ་འཁོར། བརྙན་འཕྲིན་སོགས་རིགས་6གི་རིམ་པ་དང་པོའི་ནུས་ཕྱོད་ལྡན་པའི་ཁྱིམ་སྤྱོད་གློག་ཆས་ཉོ་མཁན་ལ་གཟིགས་སྐྱོང་ཕུད་པའི་བྲིན་ཚོང་གི་རིན་གོང་ནས་ཁ་གསབ་15%སྤྲོད་ཀྱི་ཡོད་པས་སྣ་ཁ་གཅིག་ལ་ཁ་གསབ་མཐོ་ཤོས་སྒོར་1500རག་གི་ཡོད་པ་དང་གསར་པ་ཉོས་ན་ཁ་གསབ་ལོངས་སུ་སྤྱོད་ཆོག་གི་ཡོད། དེ་དང་ཆབས་ཅིག་རྙིང་པ་གསར་པར་བརྗེ་བའི་གཟིགས་སྐྱོང་ཡང་མཉམ་དུ་ལོངས་སུ་སྤྱོད་ཆོག་གི་ཡོད།

    ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་ར་གཉེར་སྐྱོང་སྙོམས་སྒྲིག་དང་ལྟ་ཞིབ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཤང་ཏ་ཅུན་གྱིས། མིག་སྔར་ཁྱིམ་སྤྱོད་གློག་ཆས་དང་གྲངས་འཛིན་ལག་ཐོགས་ཁ་པར་ཁྱབ་ཁོངས་ལ་རྒྱལ་ཁབ་ནས་ཁ་གསབ་སྤྲད་དེ་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། མ་དངུལ་ཞིབ་རྩིས་གྲངས་འབོར་རྒྱལ་ཁབ་ཀྱི་ཁ་གསབ་ཁྲོད་བསྡུར་གྲངས་བཟུང་ཚད་མང་ཤོས་ཡིན་པ་དང་མང་ཚོགས་ལ་ཕན་པ་མང་ཤོས་ཐོབ་ཡོད། “དེས་མ་ཟད། ང་ཚོས་ད་དུང་ཁྱབ་ཁོངས་ཁག་ཏུ་གནད་སྨིན་ལག་བསྟར་བྱེད་པའི་འཆར་གཞི་བཟོས་ཡོད”ཅེས་ངོ་སྤྲོད་བྱས།

    “ལྔ་གཅིག”གུང་གསེང་རིང་། ལྷ་ས་གྲོང་ཁྱེར་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་མ་དངུལ་སྒོར་ཁྲི་2300སྤྲད་པའི་ཁྲོད། རླངས་འཁོར་ཉོ་སྒྲུབ་ཁྱབ་ཁོངས་ལ་སྒོར་ཁྲི་1500དང་། 3Cགྲངས་འཛིན་ཁྱབ་ཁོངས་ལ་སྒོར་ཁྲི་500 “ལྔ་བཞི”གཞོན་ནུའི་ཆེད་དོན་མ་དངུལ་སྒོར་ཁྲི་100 “ལྔ་གཅིག”དམངས་ཕན་སྣུམ་སྣོན་འཛིན་ཤོག་སྒོར་ཁྲི་200བཅས་བཀོད་སྒྲིག་བྱས་ཡོད།

    རླངས་འཁོར་འཛད་སྤྱོད་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་ཤོས་ཡིན་ཞིང་། “ལྔ་གཅིག”རིང་གྲོང་བྱང་གནམ་ས་གསར་པའི་རླངས་འཁོར་འགྲེམས་སྟོན་ཚ་ཚ་འུར་འུར་ངང་བྱས་པ་དེ་ནི་ཐད་ཀའི་མཚོན་ཚུལ་ཞིག་ཡིན་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལྔ་གཅིག”རིང་གྲོང་བྱང་གནམ་ས་གསར་པས་རླངས་འཁོར་འགྲེམས་སྟོན་ལ་བརྟེན་ནས་རླངས་འཁོར་གསར་པ་ཉོ་སྒྲུབ་ཀྱི་འཛད་སྤྱོད་བྱེད་སྒོ་སྤེལ་བར་རིམ་རྩིས་བརྒྱབ་ན་གྲོང་མི་མང་ཚོགས་མི་ཐེངས་973ལ་ཕན་པ་ཐོབ་པ་དང་ཁ་གསབ་དངུལ་སྒོར་ཁྲི་708སྤྲད་པས་རླངས་འཁོར་གྱི་འཛད་སྤྱོད་སྒོར་དུང་ཕྱུར་1.21ལ་སྐུལ་ཁྲིད་ཐུབ་ཡོད།

    དེ་དང་ཆབས་ཅིག་གྲངས་འཛིན་ཐོན་རྫས་ཀྱང་བྲིན་ཁ་རྒྱུག་པོ་བྱུང་ཡོད། “དམངས་ཕན་ཉོ་སྒྲུབ། ལྔ་གཅིག་དགའ་བས་བསུ་བའི”གྲངས་འཛིན་འཛད་སྤྱོད་བྱེད་སྒོས་རིམ་རྩིས་བརྒྱབ་ན་གྲོང་མི་མང་ཚོགས་མི་ཐེངས་2221ལ་ཕན་པ་ཐོབ་པ་དང་ཞིབ་རྩིས་ཁ་གསབ་དངུལ་སྒོར་ཁྲི་202.55ཟིན་ནས་འཛད་སྤྱོད་སྒོར་ཁྲི་2214.76བྱེད་པར་སྐུལ་ཁྲིད་ཐུབ་ཡོད། གྲངས་འཛིན་ཚོང་ཁང་ཞིག་གི་ལས་དོན་པ་ཉི་མས“ད་ཐེངས་ཀྱི་3Cགྲངས་འཛིན་འཛད་སྤྱོད་ཀྱི་བྱེད་སྒོ་ཧ་ཅང་ཡག་པོ་གཉེར་འདུག གྲོང་མི་མང་པོ་ཞིག་གིས་ཁ་གསབ་དེར་བརྟེན་ནས་ལག་ཐོགས་ཁ་པར་ཉོ་བར་ཡོང་གི་འདུག ‘ལྔ་གཅིག’རིང་ང་ཚོས་ལག་ཐོགས་ཁ་པར་ཁྱོན་300ལྷག་ཙམ་བཙོངས་པ་དང་ཚོང་གཉེར་དངུལ་གྲངས་སྒོར་ཁྲི་100ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་30%ཙམ་འཕར་ཡོད”ཅེས་བཤད།

    འཛད་སྤྱོད་བྱེད་ཚད་ཀྱང་རིག་གནས་ཡུལ་སྐོར་སྤྲོ་གསེང་ཁྱབ་ཁོངས་སུ་སྣུར་སྲིང་བྱས་ཡོད། “ལྔ་གཅིག”རིང་ལྷ་སའི་མཐའ་འཁོར་གྱི་གླིང་ཁའི་དཔལ་འབྱོར་མུ་མཐུད་འཕར་ཡོད། དོག་སྡེ་ཁྲོམ་གཞུང་གི་ཨེ་མཚོ་གཞིས་ཀ་བསྐྱར་སྐྲུན་རིམ་སྤོར་བྱས་རྗེས་བོད་བཟོའི་ཁྱད་ཆོས་དང་དེང་རབས་ཀྱི་བག་ཕེབས་ཉམས་འགྱུར་ལྡན་པ་མ་ཟད། ནེའུ་གསིང་གི་ངལ་གསོ་ཁུལ་དང་། ཁང་ནང་སྤྲོ་གསེང་ཁུལ། ཁྱད་ལྡན་བཟའ་བཏུང་ཁུལ་བཅས་ཀྱི་ནུས་པ་ཆ་ཚང་བ་མ་ཟད། གླུ་ལེན་གར་འཁྲབ་དང་མེ་ཕུང་དགོང་ཚོགས་སོགས་ཁྱད་ལྡན་བྱེད་སྒོ་རེས་མོས་ངང་སྤེལ་ཡོད།

    རྡོ་ར་ཁྲ་མོ་གླིང་ཁའི་ལས་དོན་པ་སྐར་མ་དགྲ་འདུལ་གྱིས“‘ལྔ་གཅིག’རིང་ང་ཚོའི་གླིང་ཁས་མི་ཐེངས་500ལ་སྣེ་ལེན་ཞུས་པ་དང་ཉིན་རེའི་ལས་གཉེར་དངུལ་འབོར་སྒོར་ཁྲི་བཞི་ལྔ་ཟིན་པས་ཚོང་ཧ་ཅང་ཡག་པོ་འདུག”ཅེས་བཤད།

    དངོས་དངོས་རྗེན་རྗེན་གྱི་དམངས་ཕན་སྲིད་ཇུས་ཀྱིས་མང་ཚོགས་ཀྱི་འཛད་སྤྱོད་སེམས་ཁྲལ་བསལ་བ་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་བློ་བདེ་པོས་ཅ་ལག་མངགས་ཉོ་བྱེད་པ་ནི་སྤུས་ཚད་མཐོ་བའི་འཚོ་བ་རིམ་སྤོར་བྱེད་པའི་མཚོན་རྟགས་ཤིག་ཡིན་པས་གངས་ལྗོངས་ས་མཐོའི་འཛད་སྤྱོད་ཀྱི་གསོན་ཤུགས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།