དབུ་ཤོག
  • ཁྱིམ་ཚང་གི་མེ་སྐྱོན་འགོག་ཟོན་གྱི་ཕྱོགས་སྟོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-10

    རྒྱུན་གཏན་འཚོ་བའི་ཁྲོད་གོམས་གཤིས་ཡག་པོ་འཇགས་དགོས་པ་ནི་གལ་འགངས་ཧ་ཅང་ཆེ་ཞིང་། གལ་ཏེ་ལྷོད་གཡེང་ཤོར་ཚེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཐོན་སྲིད། ཁྱིམ་ཚང་གི་མེ་སྐྱོན་འགོག་ཟོན་བྱེད་སྐབས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་རིགས་ཆེན་པོ་བརྒྱད་ལ་དོ་སྣང་ཆེན་པོ་བྱེད་དགོས་ཤིང་། དེ་ཡང་རྣམ་ཀུན་གཤམ་གྱི་གནད་དོན་ཆུང་ཙག་དེ་དག་ལ་དོ་སྣང་བྱེད་དགོས་པ་སྟེ།

    གཅིག ཁྱིམ་ཚང་གི་མེ་སྐྱོན་འགོག་ཟོན་བྱེད་པར་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་རིགས་ཆེན་པོ་བརྒྱད་ལ་ཡིད་གཟབ་བྱེད་དགོས།

    1. གློག་རླངས་ཀྱི་སྐུད་པར་སྐྱོན་ཤོར་བ་དང་ཐེག་ཚད་ལས་བརྒལ་ནས་གློག་སྤྱོད་པ།

    ཁྱིམ་ཚང་མང་པོ་ཞིག་གིས་རྟག་ཏུ་གློག་ཆས་ཁ་ཤས་མཉམ་དུ་སྤྱོད་པ་མ་ཟད་ཉིན་གཅིག་གི་ཆུ་ཚོད་24རིང་བར་མཚམས་འཇོག་གི་མེད། གལ་ཏེ་གློག་སྤྱོད་སྐབས་གཟབ་གཟབ་མ་བྱུང་བའམ་ཡང་ན་ཐེག་ཚད་ལས་བརྒལ་ཚེ་གློག་སྐུད་ཚ་པོ་ཆགས་ནས་གློག་སྐུད་འཁྲུགས་པ་སོགས་ཀྱིས་རྐྱེན་པས་མེ་སྐྱོན་ཐོན་གྱི་ཡོད། ལྷག་པར་དུ་གློག་ཆས་ཁ་ཤས་རྙིང་དྲགས་པའམ་སྤྱོད་ཡུན་རིང་དྲགས་པའི་ཁར། རླུང་འགྲོའི་ཆ་རྐྱེན་ཡག་པོ་མེད་པ་དང་དྲོད་ཚད་འཇགས་དཀའ་བས་མེ་སྐྱོན་དེ་བས་ཤོར་སླ་པོ་ཡོད།

    2. དུག་སྦྲང་གསོད་ཆས་བེད་སྤྱོད་ལུགས་མཐུན་མ་བྱུང་བ།

    དབྱར་དུས་སུ་ཁྱིམ་ཚང་མང་པོས་དུག་སྦྲང་འགོག་རྫས་དང་གསོད་ཆས་སྤྱོད་ཀྱི་ཡོད་མོད། འོན་ཀྱང་། སྤྱོད་ཆས་དེ་དག་ལའང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངེས་ཅན་ཡོད། དཔེར་ན། དུག་སྦྲང་འགོག་པའི་ཡོལ་བ་སྲབ་པོ་ཡོད་སྟབས་མེ་འབར་སླ་བ་མ་ཟད་མེ་མཆེད་སླ་བ་དང་། སྨན་གཏོར་ཡོ་བྱད་སྤྱོད་སྐབས་སྣོད་ཆས་སྦོས་པའམ་ཡང་ན་རྡབ་རྡེག་ཆེན་པོ་བྱུང་བ་ལས་འབར་གས་བྱེད་སླ། ལྷག་པར་དུ་དུག་སྦྲང་བདུག་སྤོས་སྤར་ན། དེར་མེ་ཡོད་པའི་ཁར་དྲོད་ཚད་མཐོ་པོ་ཡོད་སྟབས་གལ་ཏེ་འཇོག་ས་ཡག་པོ་མེད་ཚེ་མེ་སྐྱོན་ཤོར་སླ་པོ་ཡོད།

    3. ཉལ་སར་ཐ་མག་འཐེན་པ་དང་ཕྲུག་ལྷག་གང་བྱུང་དུ་དབྱུགས་པ།

    མི་ཁ་ཤས་ཉལ་ཁྲིའམ་ཡང་ན་འབོལ་ཁྲིའི་སྟེང་དུ་ཉལ་ནས་ཐ་མག་འཐེན་པར་དགའ་པོ་ཡོད་པ་དང་། ཐ་མག་འཐེན་ཚར་རྗེས་གཉིད་ཁུག་ནས་མལ་གདན་དང་། དུག་སྦྲང་འགོག་པའི་ཡོལ་བ། འབོལ་ཁྲི་སོགས་འབར་སླ་བའི་དངོས་པོའི་སྟེང་ཕྲུག་ལྷག་ཟགས་ཏེ་མེ་སྐྱོན་ཤོར་གྱི་ཡོད། ཆང་རག་བཏུངས་རྗེས་ཉལ་ཁྲིའམ་འབོལ་ཁྲིའི་སྟེང་ཐ་མག་འཐེན་ཚེ་དེ་བས་ཉེན་ཁ་ཆེན་པོ་ཡོད།

    4. གློག་སྒུལ་སྦག་སྦག་ལ་སྒྲིག་འགལ་ངང་གློག་གསོག་པ།

    གློག་སྒུལ་སྦག་སྦག་ལ་གློག་ཡུན་རིང་པོ་གསོག་པའམ་ཡང་ན་གློག་སྐུད་གང་བྱུང་དུ་ཁྲིད་ནས་གློག་བསགས་ཚེ། གློག་རྫས་ཀྱི་དྲོད་ཚད་མཐོ་པོ་ཆགས་སླ་བའི་ཁར། དབྱར་དུས་ཁང་པའི་ཕྱི་རོལ་གྱི་དྲོད་ཚད་མཐོ་པོ་ཡོད་རྐྱེན་མེ་སྐྱོན་ཐོན་སླ་པོ་ཡོད།

    5. ཐབ་ཚང་དུ་མེ་བཏང་ཡོད་ཀྱང་སྡོད་མཁན་མེད་པ།

    གལ་ཏེ་ཁྱིམ་དུ་མེ་བཏང་ཡོད་ཀྱང་ཡུན་རིང་སྡོད་མཁན་མེད་ཚེ་ལྟོ་དང་ཁུ་བ་ལུད་ནས་མེ་ཤི་སྟེ་འབར་རླངས་ཕྱིར་ཤོར་བའི་རྐྱེན་གྱིས་མེ་སྐྱོན་ནམ་ཡང་ན་འབར་གས་འབྱུང་སྲིད།

    6. ཁྱིམ་དུ་ཅ་དངོས་ཙག་ཙིག་གང་བྱུང་དུ་སྤུངས་པ།

    ཁྱིམ་ཚང་ཁག་གཅིག་གིས་བར་མཐོངས་ཆེ་རུ་གཏོང་ཆེད་ཅ་དངོས་ཙག་ཙིག་དག་སྐས་ཀ་དང་། བར་ཁྱམས། ཉི་གཡབ་སོགས་གུ་དོག་སར་སྤུངས་པ་དང་། ལྷག་པར་དུ་ཁུལ་ཆུང་རྙིང་པར་དེ་བས་སྤུངས་མཁན་མང་པོ་ཡོད། གལ་ཏེ་མེ་སྤར་བའམ་ཡང་ན་གློག་སྐུད་རྙིང་པ་ཆགས་ཏེ་མེ་སྐྱོན་ཐོན་ཚེ་ཅ་དངོས་ཙག་ཙིག་དེ་དག་འབུད་རྫས་ལྟ་བུར་གྱུར་ནས་སྐྲུན་དངོས་ཧྲིལ་པོའི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་གི་ཡོད།

    7. ཕྲུ་གུས་མེ་རྩེད་རྩེ་བ།

    རྣམ་ཀུན་མི་རྒན་པ་ལས་བྲེལ་གྱིས་རྐྱེན་པས་ཕྲུ་གུ་མང་པོ་ཞིག་ལ་ལྟ་རྟོག་བྱེད་མཁན་མེད་པར་ཁྱིམ་དུ་གཅིག་པུར་ལུས་ཀྱི་ཡོད། དེས་ན་ཕྲུ་གུའི་རང་གཤིས་འཚུབ་པོ་ཡོད་པ་དང་ཡ་མཚན་དང་ཤེས་འདོད་ཀྱི་བསམ་པ་ཤུགས་ཆེ་བའི་ཁར། རང་གཅུན་ནུས་པ་དང་བདེ་འཇགས་ཀྱི་འདུ་ཤེས་ཞན་པས་གཟབ་གཟབ་མ་བྱས་ཚེ། བསམ་ཡུལ་ལས་འདས་པའི་མེ་སྐྱོན་གྱི་ཆག་སྒོ་འབྱུང་སྲིད།

    8. འབར་གས་སླ་བའི་དངོས་རྫས།

    ཁྱིམ་དུ་སྤྱོད་པའམ་ཡང་ན་ཉར་ཚགས་བྱས་པའི་འབར་གས་སླ་བའི་དངོས་རྫས་འཚིག་པ་དང་འབར་གས་བྱུང་བའི་རྐྱེན་གྱིས་མེ་སྐྱོན་ཤོར་སླ་པོ་ཡོད། གལ་ཏེ་འཚོ་བའི་ཁྲོད་སྤྱོད་པའི་རང་བྱུང་སོལ་རླངས་དང་། གཤེར་འགྱུར་རླངས་པ། འཁོར་སྤྱོད་རླངས་སྣུམ། བཀྲག་རྩི། དྲི་ཞིམ་ཆུ། མོག་སི་སོགས་ཉར་ཚགས་ཡག་པོ་མ་བྱུང་བའམ་ཡང་ན་སྤྱོད་སྟངས་ལུགས་དང་མ་མཐུན་ཚེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་བཅས་རེད།

    གཉིས། ཁྱིམ་ཚང་གི་མེ་སྐྱོན་འགོག་ཟོན་བྱེད་པར་རྣམ་ཀུན་གནད་དོན་ཆུང་ཙག་གང་དག་ལ་དོ་སྣང་བྱེད་དགོས་སམ།

    1. ཉལ་ཁྲིའམ་འབོལ་ཁྲིའི་སྟེང་ཐ་མག་འཐེན་མི་རུང་།

    2. ཐ་མག་ཕྲུག་ལྷག་དང་མུ་ཟི་རྦད་དེ་བསད་རྗེས་དབྱུག་དགོས།

    3. གློག་རྡུལ་ཐོན་རྫས་ལ་མཚན་གང་གློག་གསོག་མི་རུང་།

    4. ཁྱིམ་གྱི་གློག་སྐུད་རྙིང་པར་སྐྱོན་ཤོར་མིན་དུས་བཀག་ལྟར་ཞིབ་བཤེར་བྱེད་དགོས།

    5. ཉི་གཡབ་དང་། བར་ཁྱམས། སྐས་ཀ་བཅས་ཀྱི་ཅ་དངོས་ཙག་ཙིག་དུས་ཐོག་ཏུ་གཙང་སེལ་བྱེད་དགོས།

    6. དུད་སྣུམ་རྔུབ་ཆས་ཀྱི་རླུང་འགྲོ་ཤར་གཏོང་ཐུབ་པར་བྱེད་དགོས།

    7. ཡང་ལཱ་དང་བདུག་སྤོས་སྒྲོམ་བཀྱག་སྟེང་བཞག་ནས་སྤར་དགོས།

    8. རླངས་སྣུམ་སོགས་འབར་གས་སླ་བའི་དངོས་རྫས་ཉར་མི་རུང་།

    (བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།