ལྷ་ས་གྲོང་ཁྱེར་འདི་ཉིད་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་གི་ཚོད་ལྟའི་གྲོང་ཁྱེར་དུ་བདམས་པ།
“སླད་ཕྱིན་མྱུར་སྐྱེལ་བསྐུར་གླ་དམའ་རུ་འགྲོ་སྲིད”
ཉེ་ཆར། ཚོང་དོན་པུའུ་དང་ནོར་སྲིད་པུས་མཉམ་འབྲེལ་ཐོག《2026ལོའི་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་གི་ཚོད་ལྟའི་གྲོང་ཁྱེར་གྱི་མིང་ཐོ》ཁྱབ་བསྒྲགས་བྱས་པའི་ནང་ལྷ་ས་གྲོང་ཁྱེར་བདམས་ཐོན་བྱུང་བ་དེ་ཐོག་ནས་གངས་ལྗོངས་གནའ་གྲོང་དེར་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་སྟེ་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་ཕྱོགས་ཡོངས་ནས་རིམ་སྤོར་ལ་སྤྱོད་རྒྱུ་ཡིན་པ་མཚོན་གྱི་ཡོད།
གནས་ཚུལ་དེ་བར་སྐོར་ཁྲོམ་གཞུང་དུ་ཁྱབ་ཅིང་། ཚོང་པ་ཨ་ཅག་བདེ་སྐྱིད་ཚོང་ཁང་ནང་ཚོང་ཟོག་སྒྲིག་པའི་སྐབས། འགྲམ་དུ་ཡོད་པའི་ཤ་སྐམ་འཚོང་མཁན་བཀྲ་ཤིས་ཡར་འཛུལ་ཡོང་ནས“ལྷ་ས་བདམས་འདུག”ཅེས་བརྗོད་མ་ཐག་བདེ་སྐྱིད་ཀྱིས་ཞིབ་ཕྲའི་ནང་དོན་གསལ་པོ་ཐོས་མེད་ཀྱང“སླད་ཕྱིན་མྱུར་སྐྱེལ་བསྐུར་གླ་དམའ་རུ་འགྲོ་སྲིད”ཅེས་པའི་སྐད་ཆ་དེ་ཐོས་ཡོད།
ཚོང་དོན་སྔོན་ལ་མ་དར་ན། ལས་རིགས་གཞན་དར་བར་དཀའ། ས་མཐོར་ཟོག་འགྲུལ་གྱི་མ་གནས་མཐོ་པོ་ཡོད་པ་ནི་སེལ་དཀའ་བའི་འགལ་རྐྱེན་ཞིག་རེད། དངོས་ཟོག་ཏུན་གཅིག་ཁྲེང་ཏུའུ་ནས་ལྷ་སར་དབོར་བའི་དབོར་གླ་ནི་ཤིས་ཨན་དུ་དབོར་བ་ལས་ལྡབ་ཁ་ཤས་ཀྱིས་མཐོ་བ་ཡོད། དབོར་གླ་མཐོ་རུ་ཕྱིན་པས་ཚལ་གྱི་རིན་གོང་མཐོ་བ་མ་ཟད། ཡུལ་ཟོག་བོད་ནས་ཕྱིར་གཏོང་གི་བསྐུར་གླ་ཡང་མཐོ་པོ་ཡོད་པ་ལས་མི་སེར་གྱི་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད།
ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་མ་དངུལ་ནི་ཡུན་རིང་ས་མཐོའི་ཚོང་དོན་ལ་འགལ་རྐྱེན་བཟོ་བའི་འགག་རྩའི་ལྷུ་ཚིགས་དེ་དག་ལ་དམིགས་ནས། ཞན་ཆ་སེལ་བ་དང་འགག་གནད་བསལ་ཏེ་ས་མཐོའི་ཚོང་ཟོག་དང་དངོས་ཟོག་དངོས་སུ་འཁོར་རྒྱུག་ལེགས་པོ་ཐུབ་པ་བྱ་རྒྱུ་དེ་ཡང་ཚོང་དོན་འཁོར་རྒྱུག་མ་ལག་གི་ཚོད་ལྟའི་འཛུགས་སྐྲུན་གྱིས་ཐག་གཅོད་བྱེད་དགོས་པའི་གནད་དོན་གཙོ་བོ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་སའི་ཚོང་དོན་འཁོར་རྒྱུག་ལ་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་བྱུང་ཡོད། ཀརྨ་དགོན་གསར་ཁྲོམ་གཞུང་འོ་བརྒྱལ་ཐང་སྡེ་ཁུལ་དུ་ལོ་20ལྷག་ཙམ་འཚོ་བ་སྐྱེལ་བའི་པད་མ་ཤེས་རབ་ཀྱིས་ཚ་བོ་འཁྲིད་དེ་ཚལ་ཉོས་ནས་ཁྱིམ་དུ་ལོག་བཞིན་ཡོད་ཅིང་། ཁོང་གིས་འཛུམ་དམུལ་དམུལ་ངང“སྒོ་དོན་མ་ཐག་ཚལ་དང་ཤ་མར་བཅས་ཉོ་ཆོག་ཆོག་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད། སྔོན་ཆད“ཚལ་ཉོ་བར་ལམ་ཐག་རིང་པོ་འགྲོ་དགོས་པ”དེ་ནི་གྲོང་ཁུལ་རྙིང་པའི་གྲོང་མི་མང་པོ་ཞིག་གི་རྒྱུན་གཏན་གྱི་འཚོ་བའི་རྣམ་པ་རེད། ད་ཆ་འོ་བརྒྱལ་ཐང་སྡེ་ཁུལ་གྱི་མཐའ་འཁོར་ཁོ་ནར་སྐུ་འབུམ་ཐང་ཞིང་ཟོག་ཁྲོམ་ར་དང་ཁྲོམ་གཞུང་ཉེ་འགྲམ་གྱི་ཚོང་ཁང་200ལྷག་ཙམ་སྦྲེལ་ཆགས་ནས་ཤིང་ཏོག་དང་སྔོ་ཚལ་སོས་པ་དང་། སྣུམ་དང་འབྲས་གྲོ་ཞིབ། རྒྱུན་མཁོའི་བརྒྱ་ཟོག་བཅས་གང་དགོས་ཅི་འཛོམས་ཡོད།
གྲང་ཕྲེང་སྒྲིག་བཀོད་སྣ་ཚོགས་ཀྱང་ལྷ་སར་བཙུགས་ཤིང་། 2025ལོའི་ཟླ་6པར། རྒྱལ་ཁབ་ཀྱི་རྐང་འཛིན་གྲང་ཕྲེང་ཟོག་འགྲུལ་རྟེན་གཞི་འཛུགས་སྐྲུན་གྱི་མིང་ཐོའི་ནང་ལྷ་ས་བདེ་བླག་ངང་བདམས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་5ཙམ་བཏང་བའི་སྟོད་ལུང་བདེ་ཆེན་ཆུས་བཟོ་ལས་གླིང་དུ་གནས་པའི་དེང་རབས་ཅན་གྱི་གྲང་ཕྲེང་ལྟེ་གནས་དེས་ས་མཐོའི་གྲང་ཕྲེང་ཟོག་འགྲུལ་གྲུ་ཁ་དང་། གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར། ལིང་ཧྥུང་རིག་ལྡན་ཟོག་འགྲུལ་གླིང་སོགས་ལྟེ་བའི་རྣམ་གྲངས་བསྡུ་སྒྲིལ་བྱས་ནས་ཤར་ནུབ་ཡུག་ཁུལ་ཆེན་པོ་གཉིས་མཐུན་སྦྱོར་འཁོར་རྒྱུག་བྱས་པས་སྣ་ཁ་ཡོངས་དང་འཁོར་འབྲེལ་ཧྲིལ་པོར་ཁྱབ་པའི་གྲང་ཕྲེང་ཞབས་ཞུའི་མ་ལག་ཅིག་ཆགས་ཡོད་པ་རེད།
ལྟེ་གནས་ཆེན་པོ་ཁོ་ན་ཡོད་པ་ཙམ་གྱིས་མི་འགྲིག་པར་གྲོང་གསེབ་ཀྱི་སྡེབ་སྐྱེལ་དྲ་རྒྱས་རྗེས་སྙེགས་ཐུབ་པ་དགོས་པས་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཚོང་དོན་དྲ་རྒྱ་ཡང་མགྱོགས་མྱུར་སྐྲུན་བཞིན་ཡོད། མིག་སྔར། བོད་ཀྱི་ལྗོངས་ཡོངས་ཀྱི་ཤང་གྲོང་རིམ་པའི་ཚོང་དོན་ཞབས་ཞུའི་དྲ་ཚིགས་ཁྱབ་ཚད་བཅུ་ཆ་དགུ་ལས་བརྒལ་བ་དང་སྒྲིག་ཚུད་གྲོང་ཚོར་མྱུར་སྐྱེལ་ཞབས་ཞུ་ཤར་བགྲོད་ཐུབ་ཚད་100%ཟིན་ཡོད། ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁོར་རྒྱུག་དྲ་བར་བརྟེན་ནས“ལྷ་སའི་དངོས་ཟོག་སྤུས་ལེགས”ཀྱི་སྤུས་རྟགས་རིམ་བཞིན་ཐོན་ནས་ཁེ་ལས་120ལྷག་ཙམ་གྱི་ཐོན་རྫས་སྣ་ཁ་སྟོང་ཙམ་བསྡུ་སྒྲིལ་བྱས་པ་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་རྒྱལ་ཡོངས་ཀྱི་མི་ཐེངས་དུང་ཕྱུར་གཅིག་ལྷག་ཙམ་ལ་ཁྱབ་ཡོད།
གྲངས་རིག་མཁོ་སྤྲོད་འཁོར་འབྲེལ་ལས་ཀྱང་ས་མཐོའི་ཡུལ་ཟོག་ཕྱིར་གཏོང་བྱེད་སྟངས་ལ་འགྱུར་ལྡོག་བཏང་ཡོད། སྟོད་ལུང་བདེ་ཆེན་ཆུས་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་ཚོད་ལྟའི་རྟེན་གཞིར་ས་གནས་དེ་གའི་སྙན་སྒྲོག་པ་གཙོ་བོ་30ལྷག་ཙམ་གྱིས་ཉིན་ལྟར་བརྙན་ཤེལ་གྱི་མདུན་དུ་ཕ་ཡུལ་གྱི་ཡུལ་ཟོག་ངོ་སྤྲོད་བྱེད་ཀྱི་ཡོད། ཐད་གཏོང་ཁང་ཕུད་པའི་མཛོད་ཉར་དབྱེ་གསེས་ཚོམས་ཆེན་དུ་བྲེལ་འཚུབ་ཀྱིས་ཁེངས་ཤིང་། ཐུམ་སྒྲིལ་བརྒྱབ་པའི་སྒམ་མང་པོ་རླངས་འཁོར་ནང་བླུགས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐུར་རྒྱུར་སྒུག་བཞིན་ཡོད། ཐད་གཏོང་ཁང་གི་ཕྱིར་ཚོང་གྲངས་གཞི་ལས་ཞིང་དུད་དང་བཟོ་གྲྭར་ཅ་ལག་གང་ཞིག་བྲིན་ཁ་རྒྱུག་པ་དང་གང་ཞིག་བྲིན་ཁ་རྒྱུག་པོ་མེད་པ་གསལ་སྟོན་བྱས་ནས་ཐོན་སྐྱེད་ཀྱི་སྣེ་མོ་གྲངས་གཞིའི་རྗེས་སུ་འབྲངས་ཏེ་མཁོ་སྤྲོད་སྦྲེལ་མཐུད་སྔར་བས་གནད་སྨིན་ཡོང་བཞིན་ཡོད།
ལྷ་སའི་ཚོང་དུད་ཀྱི་ངོས་ནས་བརྗོད་ན། ཚོང་དོན་འཁོར་རྒྱུག་ལེགས་སུ་ཕྱིན་ནས་དེ་བས་ལེགས་པའི་འཆར་འགོད་ཅིག་མངོན་པ་སྟེ། ལྷ་སས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་དང་ཕྱི་རྒྱལ་གྱི་མཛོད་ཁང་འཛུགས་སྐྲུན་སོགས་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་2026ལོར་ཕྱི་ཕྱོགས་ཚོང་དོན་གྱི་ཉོ་ཚོང་དངུལ་འབོར་ཐད་སླར་ཡང་ཟིན་ཐོ་གསར་པ་གཏོད་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད་པ་དེ་རེད།
འབྲེལ་ཡོད་གསར་འགྱུར།