ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོང་དབྱང་ཅིན་ཤིའུ་ཧྲན་མགྲོན་བསུ་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོང་དབྱང་ཅིན་ཤིའུ་ཧྲན་མགྲོན་བསུ་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕོང་དབྱང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་8ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོང་དབྱང་ཅིན་ཤིའུ་ཧྲན་མགྲོན་བསུ་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ལོ་7སོང་རྗེས་སླར་ཡང་མཛེས་སྡུག་ལྡན་པའི་ཕོང་དབྱང་དུ་འཚམས་འདྲིར་ཡོང་བར་ང་རང་ཧ་ཅང་དགའ་པོ་བྱུང་ལ་བརྩེ་བ་ཟབ་མོ་ཡང་ཚོར་བྱུང་། ཕྲན་གྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ནས་དུས་སྐབས་གསར་པའི་ཀྲུང་ཁྲའོ་འབྲེལ་བའི་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཁྲའོ་འབྲེལ་བ་དུས་བསྟུན་འཕེལ་རྒྱས་དང་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ལེགས་པ་སྐྲུན་པ་བཅས་བྱས་ཏེ། ས་ཁུལ་ཙམ་མ་ཟད་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཅིག་པ་རེད། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཕུགས་བསམ་དད་སེམས་དང་འབད་འཐབ་དམིགས་ཚད་ལ་རྩ་བ་ཚུགས་པས་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་དང་། ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ། བརྩེ་སེམས་ཀྱི་འབྲེལ་ཐག་དམ་པོ་བཅས་ཡོད། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་དང་། ལས་དབང་གཅིག་མཐུན། ལྟ་རེས་སྐྱོང་རེས་བཅས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཁྲའོ་འབྲེལ་བའི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་མཐུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་ལངས་ཕྱོགས་བརྟན་པོར་འགྱུར་ལྡོག་གཏོང་མི་སྲིད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་འགོ་ཁྲིད་གནང་བའི་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པར་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་ཁྲའོ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་འཐབ་ཇུས་ཁོར་ཡུག་ཡག་པོར་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོར་འགྱུར་ལྡོག་གཏོང་མི་སྲིད།
ཞི་ཅིན་ཕིང་གིས་གསུངས་དོན། མགྱོགས་མྱུར་འགྱུར་ལྡོག་འགྲོ་བཞིན་པའི་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་གྱི་མདུན་དུ། ཕྱོགས་གཉིས་པོས་མཐོ་འཛེགས་རྒྱང་ལྟ་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་ནས་བློ་གྲོས་བསྡུ་ལེན་དང་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོའི་ཁྲོད་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་ལ་དུས་རབས་ཀྱི་ནང་དོན་གསར་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ནས། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་དགོས།
ཞི་ཅིན་ཕིང་གིས་ཀྲུང་ཁྲའོ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་དགོངས་འཆར་ཁག་བཞི་བཏོན་གནང་བ་སྟེ།
དང་པོ། མཐོ་རིམ་འགྲོ་འོང་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས། ཆེས་མཐོའི་འགོ་ཁྲིད་མི་སྣའི་འཐབ་ཇུས་ཁྲིད་སྟོན་ནི་ཀྲུང་ཁྲའོ་འབྲེལ་བའི་ལེགས་ཆ་ཆེ་ཤོས་དེ་རེད། ཕྲན་གྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་འཐབ་ཇུས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཁྲའོ་འབྲེལ་བ་རྒྱུན་ཆད་མེད་པར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་བྱེད་འདོད་ཡོད། ད་ལོ་ནི《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཀྱི་ཆིངས་ཡིག》བཞག་ནས་ལོ་ངོ་65འཁོར་བའི་ལོ་ཞིག་ཡིན་པས། ཕྱོགས་གཉིས་པོས་དྲན་གསོའི་བྱེད་སྒོ་གཟབ་རྒྱས་སྤེལ་དགོས། ཏང་གཉིས་ཀྱི་འབྲེལ་བས་ཀྲུང་ཁྲའོ་འབྲེལ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་བཏོན་ཡོད་པས། ཏང་གཉིས་ཀྱི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་མཛའ་མཐུན་འགྲོ་འོང་སྔར་བས་རྒྱ་ཆེར་དང་འཁྲུག་ཏུ་བཏང་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་ཕྱི་འབྲེལ་དང་། ཁྲིམས་སྒྱུར། དམག་དཔུང་སོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཕྲན་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་ཁྲའོ་འབྲེལ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
གཉིས་པ། དམངས་ལ་བདེ་རྩ་སྐྲུན་པའི་དམིགས་ཚད་མཐའ་འཁྱོངས་བྱས་ནས་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ཚོང་དོན་དང་། ཞིང་ལས། ཨར་སྐྲུན། ཚན་རྩལ། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ལེགས་པ་སྐྲུན་འདོད་ཡོད། ཕྱོགས་གཉིས་པོས་མཐའ་མཚམས་འགག་སྒོ་ཕྱོགས་ཡོངས་ནས་སླར་གསོ་ཤར་གཏོང་ཐུབ་པ་དང་དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་དང་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གཉེར་སྐྱོང་སླར་གསོ་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ། མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས་ཕྱོགས་གཉིས་ཀར་ཤར་གཏོང་ཐུབ་པར་བྱེད་དགོས།
གསུམ་པ། མཛའ་གྲོགས་རྒྱུན་འཛིན་སྒུལ་ཤུགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་སེམས་འབྲེལ་མཐུད་ཀྱི་འབྲེལ་ཐག་དམ་དུ་གཏོང་དགོས། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་ཁྲག་དྲོན་ལས་གྲུབ་པའི་སྲོལ་རྒྱུན་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ལ་དབང་བའི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཁྲའོ་ཞན་དུ་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་དོ་དམ་ཡག་པོ་བྱས་ཏེ། ཁྱད་ཆོས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་གཞོན་ནུ་ལོ་ཆུང་གི་བསམ་བློའི་སློབ་གསོ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་གསར་བརྗེའི་ས་བོན་དང་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་ཡག་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་རང་ངོས་ཀྱི་ལེགས་ཆའི་ཐོན་ཁུངས་ཡག་པོ་སྤྱད་དེ་སློབ་གསོ་དང་། རིག་རྩལ། ཡུལ་སྐོར། ལུས་རྩལ། སྨྱན་སྦྱོར། གཞོན་ནུ། ས་གནས། མཛའ་གྲོགས་གྲོང་ཁྱེར་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་དེ་བས་མི་སེམས་ལ་གཏིང་ཟབ་ཟུག་པར་བྱེད་འདོད་ཡོད།
བཞི་པ། དྲང་གཞག་དྲང་བདེན་འདུ་ཤེས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འཐབ་ཇུས་རོགས་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས། མིའི་རིགས་ཕྱོགས་གང་དུ་འཕེལ་རྒྱས་གཏོང་བའི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་ཕྱོགས་ནས། ཕྲན་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་ཁྲའོ་ཞན་ཕྱོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་དང་ལེན་ཧུར་ཐག་འཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨེ་ཤེ་ཡ་ནི་ཀྲུང་གོ་དང་ཁྲའོ་ཞན་སོགས་ས་ཁུལ་དང་རྒྱལ་ཁབ་ཀྱི་ཆགས་ས་རྟེན་ས་ཡིན། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོས་འཐབ་ཇུས་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་སོ་སོའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས།
ཅིན་ཀྲེང་ཨེན་གྱིས་གསུངས་དོན། ལོ་7སོང་རྗེས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཁྲའོ་ཞན་ལ་འཚམས་འདྲིར་ཕེབས་ཤིང་། ཁོང་ནི་ཁྲའོ་ཞན་མི་དམངས་ཀྱིས་བརྩི་འཇོག་ཆེ་ཤོས་བྱེད་པའི་སྐུ་མགྲོན་ཞིག་ཡིན་པས། ང་ཚོས་གྲ་རྒྱ་ཤོས་དང་སྤྲོ་སེམས་འཁོལ་ཤོས་ཀྱི་ཐོག་ནས་དགའ་བསུ་ཞུ་གི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ད་ལོའི་འཚམས་འདྲི་གནང་ཐེངས་དང་པོ་ཕོང་དབྱང་དུ་ཕེབས་པ་དེ་ཐོག་ནས་ཁྲའོ་ཀྲུང་འབྲེལ་བར་ཚད་མཐོའི་མཐོང་ཆེན་དང་མཛའ་མཐུན་གྱི་བརྩེ་སེམས་མཚོན་པ་མ་ཟད། ཁྲའོ་ཞན་ཕྱོགས་ལ་སྐུལ་ལྕག་ཆེན་པོ་གནང་བ་ཞིག་ཀྱང་རེད། ད་ཐེངས་ཀྱི་འཚམས་འདྲི་ལས་ཡུན་རིང་ཉམས་སད་ཐེག་པ་དང་ཐོག་མཐའ་བར་གསུམ་དུ་རང་བརྟེན་དྲང་བདེན་གྱི་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པའི་ཁྲའོ་ཀྲུང་འབྲེལ་བ་ནི་རྡོ་རྗེ་བྲག་ལྟར་བརྟན་པ་ཞིག་ཡིན་པ་སླར་ཡང་གསལ་པོར་མཚོན་ཡོད། ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་དམིགས་བསལ་རང་བཞིན་ནི་ང་ཚོ་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་མ་ཟད། ཕྱོགས་གཉིས་པོར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་དང་ཐུན་མོང་གི་ཕུགས་བསམ་དད་སེམས་ལྡན་པར་ཐུག་ཡོད། དེའི་ཐད་ཕྱོགས་གཉིས་པོས་བརྩི་མཐོང་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།
ཅིན་ཀྲེང་ཨེན་གྱིས་གསུངས་དོན། ན་ནིང་ཟླ་9པར་ཕྲན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དུ་ཞལ་འཛོམས་བྱུང་རྗེས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཁྱབ་ཁོངས་ཁག་ཏུ་འཕེལ་རྒྱས་ཡག་པོ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཁྲའོ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་དགོངས་འཆར་གལ་ཆེན་བཏོན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། ཁྲའོ་ཞན་ཕྱོགས་ཀྱི་སྡེ་ཚན་ཁག་གིས་ཀྲུང་གོ་ཕྱོགས་ཀྱི་བློ་མཐུན་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། ཚན་རྩལ། སློབ་གསོ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཆེན་པོའི་ཕྱོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཏང་དབར་གྱི་ཐབས་ལམ་བརྒྱུད་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བརྒྱབ་སྟེ་ཁྲའོ་ཞན་ཕྱོགས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་ལ་རྩ་ཆེའི་རམ་འདེགས་བྱས་ཏེ། ཁྲའོ་ཞན་མི་དམངས་ཀྲུང་གོ་མི་དམངས་དང་མཉམ་དུ་དེང་རབས་ཅན་གྱི་འགྲོ་ལམ་དུ་སྐྱོད་ཐུབ་པར་བྱེད་ཀྱི་ཡིན།
ཅིན་ཀྲེང་ཨེན་གྱིས་གསུངས་དོན། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་ཧང་སངས་དགོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་དང་རྒྱལ་སྤྱིའི་གནས་བབ་ཧ་ཅང་མཐོ་རུ་ཕྱིན་པ་ཁྲའོ་ཞན་ཕྱོགས་ཀྱིས་དགའ་ཚོར་ཆེན་པོས་མཐོང་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ནི་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་ཟབ་མོ་ལྡན་པས་འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་དང་བསྔགས་བརྗོད་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཧ་ཅང་ཆེན་པོ་འབྱུང་བཞིན་ཡོད་པས་ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཡོད། དུས་རབས་གསར་པའི་ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་གདམ་ག་དང་དུས་རབས་ཀྱི་དགོས་མཁོ་ཡིན་ལ། ཁྲའོ་ཞན་ཕྱོགས་ཀྱི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་འཐབ་ཇུས་ཀྱི་གདམ་ག་དང་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་ཀྱི་འདོད་བློ་ཡང་ཡིན། ང་ཚོས་སྔར་རྒྱུན་བཞིན་ཁྲའོ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་གལ་འགངས་ཆེ་ཤོས་ཀྱི་འཐབ་ཇུས་བྱ་གཞག་ཨང་དང་པོར་བཞག་ནས་ཁྲའོ་ཀྲུང་འབྲེལ་བ་དེ་རྒྱལ་ཁབ་ཀྱི་འབྲེལ་བའི་མིག་དཔེ་ཞིག་ཏུ་གཏོད་པར་འབད་བརྩོན་ལྷོད་མེད་བྱས་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཆེད་མཉམ་དུ་ལེགས་སྐྱེས་འབུལ་རྒྱུ་ཡིན།
ཚའེ་ཆི་དང་ཝང་དབྱི་སོགས་གྲོས་མོལ་ནང་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།