ཡར་ཀླུང་ས་གཞི་ཆེ་མོར་འཕེལ་རྒྱས་ཀྱི་རྣམ་པ་གསར།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་གི་ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།
ལོ་ངོ་75ཡི་རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྐུ་དྲག་གཞིས་ཀ་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་བར་དང་། བཀག་སྡོམ་རྗེས་ལུས་ཀྱི་མཐའ་མཚམས་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་གི་སྡོད་ཁང་དང་གྲོང་གསེབ་ཀྱི་རྣམ་པ་གསར་པའི་བར་སོགས་ཡར་ཀླུང་ས་གཞི་ཆེ་མོའི་རི་ཀླུང་ཀུན་མཛེས་སྡུག་ལྟ་བས་མི་ངོམས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2025ལོར་སྒོར་དུང་ཕྱུར་331.8བར་འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་2025ལོར་སྒོར་དུང་ཕྱུར་22.26བར་འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2025ལོར་སྒོར་24990བར་འཕར་བ་ལ་སོགས་རིམ་འཕར་གྱི་གྲངས་གཞི་རེ་རེ་ལས་དུས་རབས་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་རྗེས་ཤུལ་མངོན།
གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཀྱི་རྣམ་པ་གསར་པ།
ད་ལོ“ཡར་ཀླུང་ནང”ཞེས་པའི་རིག་རྩལ་ཁྲོམ་གཞུང་དུ་གཉེར་བའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཡི་བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོར་ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གི་གནའ་བོའི་རོལ་དབྱངས་དང་། G219བོད་མིའི་འབྱུང་གནས་སྦས་ལུང་འགྲིམ་པ། ལུས་གསོ་རྒྱང་སྒྲོལ་སོགས་ཀྱི་ལམ་ཐིག་མང་པོ་བཏོན་པ་མ་ཟད། གནའ་བོའི་དགོན་སྡེ་དང་། མཚོ་མཚེའུ། རྩྭ་ཐང་། གངས་རི། ཆུ་ཚན་གཞིས་ཀ་སོགས་མཁོ་འདོན་བྱས་ཏེ་ཡུལ་སྐོར་བར་སྣ་མང་གི་རོལ་རྩེད་མྱོང་རོལ་ཐུབ་པ་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་གྱི་ཞན་ཆ་སེལ་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་90དང་སྲིད་འཛིན་གྲོང་ཚོ་579ལ་གྲོང་གསེབ་གཞུང་ལམ་100%ཤར་གཏོང་ཐུབ་པར་བྱས་ནས། ལྷོ་ཁ་གྲོང་ཁུལ་ལྟེ་བར་བྱས་པའི་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་རྒྱ་ཞིག་སྤྱིར་ན་ཆགས་ཡོད། ཁོད་སྙོམས་ལ་ཤར་བགྲོད་ཐུབ་པའི་གྲོང་གསེབ་གཞུང་ལམ་དེ་ཁྱད་ལྡན་ཐོན་ལས་དང་གྲོང་གསེབ་ཡུལ་སྐོར་གྱི“འཕེལ་རྒྱས་ལམ་བུ”དང“བདེ་སྐྱིད་ལམ་བུར”གྱུར་ཡོད།
ལོ་མང་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དེ་ཡོངས་ཀྱི་རྨོ་ཞིང་67%“ས་ཞིང་གྲུ་བཞི་དང་། ནགས་དྲ་ཆགས་པ། འགྲོ་ལམ་འབྲེལ་མཐུད། ཆུ་ཡུར་མཉམ་འདྲེན”བཅས་བྱས་ནས་རྨོ་འདེབས་ཀྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་82.7%ཟིན་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
ལྷ་ས་ནས་རྒན་ཡོལ་ཞུས་ཏེ་སྣེ་གདོང་ཆུས་སུ་སྡོད་མཁན་བགྲེས་སོང་པ་སངས་ཀྱིས་བརྙན་ཐུང་བརྒྱུད་ཕ་ཡུལ་གྱི་འགྱུར་ལྡོག་མཉམ་སྤྱོད་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། “ད་ཆ་ཟས་གོས་འགྲོ་སྡོད་ཚང་མ་སྟབས་བདེ་བས། སླད་ཕྱིན་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་འགྲོ་སྲིད”ཅེས་བགྲེས་སོང་པ་སངས་ཀྱིས་མྱོང་ཚོར་ཟབ་མོས་བཤད། འཕོ་འགྱུར་ཆེན་པོ་དེ་དག་མངོན་ཆེ་བའི་འཕེལ་རྒྱས་གྲངས་གཞིའི་ཁྲོད་ར་འཕྲོད་གང་ལེགས་བྱུང་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་རང་འབབ་ཆུ་ཀ་ལ་ཁྱབ་ཚད་91%ཟིན་པ་དང་། སྲིད་འཛིན་གྲོང་ཚོར་གློག་དྲ་གཙོ་བོ་ཁྱབ་ཚད་100%ཟིན་པ། སྲིད་འཛིན་གྲོང་ཚོ་369ལ་5Gདྲ་རྒྱ་ཤར་གཏོང་ཐུབ་པ། མྱུར་སྐྱེལ་ཐུམ་སྒྲིལ་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེལ་ཐུབ་པ་བཅས་ལས་ཐག་རིང་ལུང་ཁུག་གི་གྲོང་གསེབ་དང་ཕྱི་ཕྱོགས་དབར་འབྲེལ་བ་དམ་ཟབ་བྱུང་ཡོད།
ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་གསར་པ།
ལོ་མང་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མ་གསར་སྤེལ་དང་། དམངས་འཚོ་ལེགས་གཏོང་། ཐོན་ལས་རིམ་སྤོར་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། གྲོང་ཁྱེར་དེ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་304ཟིན་པ་དེས་ལྗོངས་ཡོངས་ཀྱི་སྤྱི་འབོར་གྱི་གསུམ་ཆ་གཅིག་བཟུང་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་དེ་ཡོངས་སུ་ལེགས་ཆའི་གཏེར་རྫས་དང་། ནུས་རྒྱུ་གཙང་མ། འཛུགས་སྐྲུན་རྒྱུ་ཆ་སོགས་གཙོ་བོར་བྱེད་པའི་བཟོ་ལས་མ་ལག་ཅིག་རིམ་གྱིས་ཆགས་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་148.71ཟིན་ནས་སྲོལ་རྒྱུན་བཟོ་ལས་ལྗང་མདོག་ཕྱོགས་སྒྱུར་དང་གསར་དར་ཐོན་ལས་མགྱོགས་མྱུར་དར་ཡོད།
སྣ་དཀར་རྩེ་རྫོང་ཡར་འབྲོག་གཡུ་མཚོའི་ཉེ་འཁོར་གྱི་ཡུལ་མི་སྒྲོལ་དཀར་གྱིས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་བར་དམིགས་ནས་དམངས་སྲོལ་གནས་ཚང་གཉེར་བས་ལོ་རེའི་ཡོང་འབབ་སྒོར་ཁྲི་ཁ་ཤས་ནས་སྒོར་ཁྲི་20ལྷག་ཙམ་བར་མང་དུ་ཕྱིན་ཡོད།
ད་ཆ་ལྷོ་ཁ་དང་། ཡར་འབྲོག་གཡུ་མཚོ། བསམ་ཡས་དགོན་སོགས་མཛེས་ལྗོངས་ཁུལ་དྲ་ཐོག་གྲགས་ཅན་གྱི་གཱ་ཐོ་འགོད་ཡུལ་དུ་གྱུར་པ་དང་། ཡུལ་སྨད་ཀྱི་རྒྱལ་གཅེས་མཐའ་སྲུང་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འདི་ཉིད་5Aརིམ་པའི་མཛེས་ལྗོངས་ཁུལ་དུ་ཧུར་ཐག་བཏོད་པ། གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་161.97བར་འཕར་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་ཕྱོགས་བཟང་པོ་མངོན་ཡོད།
དམངས་འཚོའི་བདེ་རྩའི་མདུན་ལམ་གསར་པ།
དབྱར་འགོར་གོང་དཀར་རྫོང་ནས་ཟངས་རི་རྫོང་བར་ཆ་སྙོམས་ཞེང་ཚད་སྤྱི་ལེ་1.8ཟིན་པའི་ལྗང་མདོག་བར་ཁྱམས་ཤིག་སྤྱི་ལེ་160ལྷག་ཙམ་བར་སྣུར་སྲིང་བྱས་ཡོད།
སྙིང་རུས་གཏན་འཁྱོངས་ཀྱིས་རི་སྔོན་ཆུ་དྭངས་བསྲུང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་བདེ་བླག་ངང་འཛུགས་གཏོད་དང་། ལྷུན་རྩེ་རྫོང་གིས་ལྗོངས་ཡོངས་ཀྱི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་གྱི་རྟེན་གཞི་དང་པོ་བདེ་བླག་ངང་འཛུགས་གཏོད། འཕྱོངས་རྒྱས་རྫོང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་བདེ་བླག་ངང་འཛུགས་གཏོད་བཅས་བྱས་ནས་རི་སྔོན་ཆུ་དྭངས་ལས་དམངས་འཚོ་ལེགས་གཏོང་དང་མི་སེར་ལ་ཕན་པ་སྐྲུན་པར་མཐུན་རྐྱེན་སྦྱར་ཡོད། མིག་སྔའི་བར། གྲོང་ཁྱེར་དེ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་3དང་། དཔེ་སྟོན་ཤང་དང་གྲོང་རྡལ་49 དཔེ་སྟོན་གྲོང་ཚོ་420བཅས་འཛུགས་གཏོད་བྱས་ཡོད།
རྒྱུན་མཐུད་སྔོ་ལྗང་ནུས་སྐྱེད་དང་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་དམངས་འཚོ་འགན་ལེན་དྲ་བ་ཚགས་དམ་དུ་བཏང་བས། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)12སུ་ཆ་སྙོམས་ཕྱོགས་བསྡུས་སྨན་ཁང་གཅིག་དང་མི་རིགས་སྨན་ཁང་གཅིག་ཡོད་པ་དང་། ཤང་དང་གྲོང་རྡལ་དང་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པས། ཕྱོགས་བསྡུས་སྨན་ཁང་དང་མི་རིགས་སྨན་ཁང་གི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་འབྲེལ་ཐག་ཆེན་པོ་གཉིས་གྲུབ་ཡོད། “སྔོན་ཆད་ནད་ལྟ་བ་དང་སྨན་ཉོ་སྐབས་ཐག་རིང་དུ་འགྲོ་དགོས་ཀྱི་ཡོད། ད་ཆ་ཁྱིམ་གྱི་སྒོ་རྩའི་སྨན་བཅོས་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། བོད་སྐྱོར་སྨན་པས་དུས་བཀག་ལྟར་གཤམ་དུ་ནད་ལྟ་བར་ཡོང་གི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ལྷུན་རྩེ་རྫོང་གསེར་བྱེ་ཞོལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་མྱོང་ཚོར་ཟབ་མོས་བཤད།
ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་སློབ་ཆུང་དུ་བརྒྱུད་ལམ་སྣེ་མང་གཞི་གཅིག་འཕྲུལ་ཆས་ཀྱིས་ལྗོངས་ཕྱི་རོལ་གྱི་སྤུས་ལེགས་སློབ་ཚན་དང་འབྲེལ་མཐུད་བྱས་པས། གླུ་གཞས་དང་། མཛེས་རྩལ། ཚན་རིག་བཅས་ཀྱི་སློབ་ཚན་ཆ་ཚང་པོ་ཡོད་པ་མ་ཟད། ད་དུང་ཕྲུ་གུ་ཚོས“ཇོ་རིའི་ཆུ་འཛིན་སློབ་ཁྲིད”ཀྱི་ལས་སྟེགས་བརྒྱུད་རྒྱལ་ཡོངས་ས་གནས་ཁག་གི་སློབ་ཚན་དུས་གཅིག་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད། ཁྱིམ་བདག་པ་སངས་ཀྱིས་མྱོང་ཚོར་ཟབ་མོས་སློབ་ཁྲིད་ཀྱི་སྤུས་ཚད་དང་ཆ་རྐྱེན་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་གི་འདུག་ཅེས་ཞིང་འབྲོག་མང་ཚོགས་ཁྲི་སྟོང་མང་པོའི་སྙིང་གཏམ་བཤད། “སློབ་གྲྭར་སློབ་སྦྱོང་བྱེད་ས་ཡོད་པ”ནས“སློབ་སྦྱོང་ཡག་པོ་བྱེད་ཐུབ་པའི”བར་ལྷོ་ཁ་གྲོང་ཁྱེར་གྱིས་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་དམིགས་ཚད་ལྗོངས་ཡོངས་ཀྱི་སྔོན་ལ་ལེགས་སྒྲུབ་བྱས་ནས། ཞིང་འབྲོག་ཁུལ་གྱི་སློབ་གསོའི་རྣམ་པར་རྦད་དེ་འགྱུར་ལྡོག་བཏང་སྟེ་སློབ་གསོ་དྲང་གཞག་གི་ཉི་འོད་ཡར་ཀླུང་ས་གཞི་ཆེན་པོར་འཕྲོ་ཐུབ་པ་བྱས་ཡོད།
ལོ་ངོ་དོན་ལྔ་འབད་བརྩོན་ཧུར་ཐག་བྱས། རྒྱང་ལམ་གསར་པར་བློ་སེམས་གཅིག་ཏུ་སྒྲིལ། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ་ལྷོ་ཁ་གྲོང་ཁྱེར་གྱིས་གངས་ལྗོངས་ས་མཐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་རྐྱང་ཞིག་མུ་མཐུད་རྩོམ་ངེས་རེད།
འབྲེལ་ཡོད་གསར་འགྱུར།