ན་གཞོན་རྒྱུགས་རར་བརྩོན། རྒྱབ་ཕྱོགས་ཞབས་ཞུ་ལེགས།
—— མཐོ་རྒྱུགས་ཉིན་དང་པོའི་མཐོང་ཐོས།

འདི་ནི་སྤྱི་བདེ་མི་དམངས་ཉེན་རྟོག་པས་རྒྱུགས་ཚུགས་ཉེ་འགྲམ་གྱི་འགྲིམ་འགྲུལ་བཤངས་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཡིག་རྒྱུགས་ལ་བདེ་བླག་ངང་ཞུགས་ཐུབ་པའི་འགན་བྱེད་བཞིན་པ།

འདི་ནི་རྒྱུགས་སྤྲོད་སློབ་མ་གོ་རིམ་ལྡན་པའི་ངང་རྒྱུགས་རར་འཛུལ་བཞིན་པ།

འདི་ནི་མཐོ་རྒྱུགས་ཉིན་དང་པོར་ཡིག་རྒྱུགས་ཚར་རྗེས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་དགའ་ཚོར་ཆེན་པོས་འཐམ་འཁྱུད་བྱེད་བཞིན་པ།
ཟླ་6ཚེས་7ཉིན། 2026ལོའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་རྒྱུགས་དངོས་སུ་འགོ་ཚུགས་ཤིང་། བོད་ཀྱི་རྒྱུགས་ཚུགས་ཁག་གི་སློབ་མས་ཕུགས་བསམ་ཡིད་ལ་འཆང་བཞིན་རྒྱུགས་རར་བསྐྱོད་པ་རེད།
“ལྗོངས་ཡོངས་སུ་2026ལོའི་སྤྱིར་བཏང་མཐོ་རྒྱུགས་ཀྱི་རྒྱུགས་ཁུལ་10དང་། རྒྱུགས་ཚུགས་40 རྒྱུགས་ར་1235བཅས་བཙུགས་པ་དང་། རྒྱུགས་དོན་དང་དེ་བཞིན་རྒྱུགས་སྤྲོད་ལྟ་ཞིབ་མི་སྣ་7000ཙམ་འདེམས་ཞུ་བྱས་ནས་མཐོ་རྒྱུགས་ལས་དོན་ལ་ཞབས་འདེགས་ཞུས་ཡོད”ཅེས་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།
ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས“དུས་བདེའི་མཐོ་རྒྱུགས”ཀྱི་དམིགས་ཚད་ལ་གཞིགས་ནས་བདེ་འཇགས་ཞིབ་བཤེར་གྱི་བྱ་ཐབས་མང་པོ་དོན་འཁྱོལ་ནན་པོ་བྱས་ཏེ་དྲང་གཞག་དྲང་བདེན་གྱི་ཡིག་རྒྱུགས་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།
མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་སྔོན་ཚུད་ནས་བཀོད་སྒྲིག་དང་རང་འགུལ་ངང་ཞབས་འདེགས་ཞུས་ཤིང་། ཞོགས་པའི་ཆུ་ཚོད་7པར་ལས་མི་ཡོངས་ལས་གནས་སུ་འབྱོར་བར་བྱས་ཏེ་རྒྱུགས་ཚུགས་ཉེ་འཁོར་གྱི་འགྲིམ་འགྲུལ་ལ་དོ་དམ་ཚོད་འཛིན་དང་། འཛེར་སྒྲ་ནན་འགོག ས་གནས་ས་ཐོག་གི་སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་བ་དང་། དུས་མཚུངས་འཕྲལ་སྡོམ་འགན་ལེན་ཞབས་ཞུའི་ལས་གནས་བཀོད་སྒྲིག་བྱས་ནས་རྒྱུགས་སྤྲོད་སློབ་མས་ལག་ཁྱེར་འཁྱེར་རྒྱུ་བརྗེད་པ་སོགས་ཀྱི་གནས་ཚུལ་འཕྲལ་མར་ཐག་གཅོད་བྱས་ཡོད། གཞིས་རྩེའི་རྒྱུགས་ཚུགས་ཚང་མར“སྨན་པ་གཅིག་དང་། སྨན་གཡོག་གཅིག རླངས་འཁོར་གཅིག”བཅས་གཞི་རྩའི་ཆར་བཀོད་སྒྲིག་ཐུབ་པ་དང་སྨན་དོན་མི་སྣས་མྱུར་སྐྱོབ་སྨན་རྫས་དང་ནད་བརྟག་སྨན་བཅོས་ཡོ་བྱད་འཁྱེར་ཏེ་ལས་གནས་ཐོག་བཀའ་བསྒུགས་ནས་རྒྱུགས་སྤྲོད་སློབ་མའི་གཟུགས་པོ་མི་བདེ་བའི་གནས་ཚུལ་འཕྲལ་མར་ཐག་གཅོད་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་ཉང་ཆུ་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་སྣེ་ཁྲིད་ཏང་ཀྲི་པུའུ་དང་མཉམ་དུ“དང་བླངས་འོད་ཟེར་ལ་བརྟེན་ནས་རྒྱུགས་འཕྲོད་སློབ་མའི་ཕུགས་འདུན་མངོན་འགྱུར་བྱེད་པའི”མཐོ་རྒྱུགས་ལ་གཅེས་སེམས་མཚོན་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་གཅེས་སེམས་རྒྱུགས་སྤྲོད་རླངས་འཁོར་30ལྷག་ཙམ་བཀོད་གཏོང་བྱས་ཏེ་མཐོ་རྒྱུགས་སློབ་མར་དྲོ་སྐྱིད་སྦྱིན་ཡོད། རྒྱལ་ཁབ་གློག་དྲ་ནག་ཆུ་གློག་གཏོང་ཀུང་སིས་གློག་ཤུགས་འགན་སྲུང་ལས་མི་50ལྷག་ཙམ་ཁག་བགོས་ལས་རེས་བྱས་ཏེ་ཆུ་ཚོད་24ཡི་བཀའ་སྒུག་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་དང་ཆབས་ཅིག“མི་དང་ལག་རྩལ་ཟུང་འབྲེལ་གྱི་འགོག་ཟོན”བྱ་ཐབས་དང་མི་མེད་གནམ་གྲུ་དང་དམར་ཕྱིའི་དྲོད་ཚད་འཇལ་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། གློག་ལམ་ལ་བར་མཚམས་མེད་པར་དམིགས་བསལ་སྐོར་ཞིབ་བྱས་པ་དང་འབྲེལ་སྐུད་ལམ་གྱི་ཐེག་ཚད་འགྱུར་ལྡོག་ལ་དྲ་ཐོག་ནས་ལྟ་སྐུལ་ཚོད་འཛིན་བྱས་ཡོད། ལྷོ་ཁའི་རྒྱུགས་ཚུགས་ཁག་གི་སྒོ་འགྲམ་དུ་སྟོད་གོས་དམར་པོ་གྱོན་པའི་དང་བླངས་པ་ཚོས་ཞབས་ཞུའི་ལས་སྟེགས་མདུན་དུ་བསྡད་དེ་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་འཐུང་ཆུ་སོགས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱུགས་ཚུགས་ཁག་གིས་གཅེས་སེམས་མཚོན་པའི་ཞབས་ཞུའི་ས་ཚིགས་ཡོངས་ཁྱབ་ཏུ་བཙུགས་ནས་འཐུང་ཆུ་དང་ཆར་གདུགས་སོགས་གྲ་སྒྲིག་ཡག་པོ་བྱས་ཏེ་རྒྱུགས་སྤྲོད་སློབ་མའི་ཁྱིམ་བདག་ངལ་གསོ་རྒྱག་པར་སྟབས་བདེ་བསྐྲུན་ཡོད་པ་རེད། (པ་ཚེ་དང་བསྟན་རྣམ་གྱིས་སྒྱུར་ཞུས་བྱས)
འབྲེལ་ཡོད་གསར་འགྱུར།