ཉེན་སེལ་གུད་སྐྱོབ་ཀྱི“གདོང་མཆོང་པ” གེགས་རྗེས་བསྐྱར་སྐྲུན་གྱི“མཚན་སྲུང་བ”
—— དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་མཉམ་སྡེབ་གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་སྐོར་བཀོད་པ།
ལེ་ཚན་གཏོད་པའི་གཏམ།
2025ལོའི་ཟླ་1ཚེས་7ཉིན་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་པ་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ། དཀའ་ཚེགས་ལས་རྣམ་པར་རྒྱལ་བ་དང་ཚོད་བགམ་དྲག་པོ་ཐེག་པར་བྱས་ནས“གནོད་འཚེ་ཕོག་པའི་ལོ་དེ་རང་དུ་བསྐྱར་སྐྲུན་ཐུབ་པ་དང་ལོ་དེ་རང་དུ་ཁང་པ་གསར་པར་སྤོ་རྒྱུ་བྱུང་བའི”ངོ་མཚར་བཏོད་ཡོད། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཀྱིས་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་བྱེད་རིང་འབུར་དུ་ཐོན་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་གཟབ་རྒྱས་བྱས་པ་རེད། དེ་རིང་ནས་བཟུང་། འདི་ག་ཚགས་པར་གྱིས“ས་མཐོའི་གཟི་དཔལ”ཞེས་པའི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ནས་དཔའ་བོ་དཀྱུས་མའི་མི་སེམས་འགུལ་བའི་བྱས་རྗེས་གླེང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཞུམ་མེད་སྙིང་རུས་ཀྱི་བསམ་པའི་ཉམས་འགྱུར་མཚོན་པ། ཡོམ་འགོག་གེགས་སེལ་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་སྔོན་ཐོན་མིག་དཔེར་བཟུང་ནས་སེམས་ཤུགས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན།
བོད་ལྗོངས་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་ནས་ལོ་གཅིག་ལྷག་ཙམ་སོང་རྗེས། ང་ཚོས་སླར་ཡང་ས་བབ་སྨི་4300ཡོད་པའི་ས་ཆ་དེ་རྒྱང་རིང་ནས་སླར་ཡང་མཐོང་བྱུང་། ད་ཆ་གནས་དེ་ནི་ཆག་སྒོ་ཧ་ཅང་ཆེན་པོ་བྱུང་ནས་གྱང་གོག་གིས་ཁེངས་པ་ཞིག་མིན་པར། སྡོད་ཁང་གསར་པའི་ཐོག་ཁ་ནས་དུ་བ་དལ་གྱིས་འཕྱུར་བ་དང་གློག་སྒྲོན་འོག་ཏུ་དབེན་ཐིང་ངེར་གནས་པའི་བཀོད་སྒྲིག་ས་ཚིགས་རེད།
དེ་གར་ས་ཡོམ་ཐེངས་དང་པོ་བརྒྱབ་པ་ནས་ཁྱིམ་གཞིས་བསྐྱར་སྐྲུན་མ་བྱུང་བར་བརྟན་སྲུང་བྱེད་མཁན་དཔུང་ཁག་ཅིག་ཡོད་པ་སྟེ། བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གཞིས་རྩེ་གྲོང་ཁྱེར་ཉིང་ལག་རུ་ཁག་རེད།
2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པས། ས་བབ་སྨི་4300ཟིན་པའི་གེགས་ཁུལ་འདི་རང་རྒྱལ་གྱི་མི་དམངས་དུང་ཕྱུར་མང་པོ་སེམས་ཁྲལ་བྱ་ཡུལ་དུ་གྱུར།
གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འཕྲལ་མར་སྔོན་ཇུས་ལག་ལེན་བསྟར་འགོ་བཙུགས་ཤིང་། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་ཕྱེད་ཀར་ཉིང་ལག་རུ་ཁག་གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྲམ་སོ་ཤང་དུ་འབྱོར་བ་རེད། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་2ལ་བཀོད་འཐབ་པ་915དང་མེ་གསོད་རླངས་འཁོར་166གཅིག་སྡུད་བྱས་ཟིན་ནས་ཡོམ་ལྟེའི་ཁུལ་དུ་བསྐྱོད།
དེ་ནི་གཤིན་རྗེ་དང་མྱུར་ཚད་འགྲན་པའི་འགྲན་བསྡུར་ཞིག་རེད། ཡོམ་ལྟེའི་ཁོངས་གཏོགས་ཀྱི་རུ་དཔོན་རྒན་པ་དོན་གྲུབ་རྒྱལ་མཚན་གྱིས་རླངས་འཁོར་3དང་མི་19ཡི་སྣེ་ཁྲིད་དེ། གཞུང་ལམ་འགག་པའི་གནས་ཚུལ་འོག་རྐང་ཐང་མར་མདུན་ཕྱོགས་སུ་བསྐྱོད་པ་དང་ཚོགས་ཆུང་3ལ་བགོས་ནས་རོགས་སྐྱོབ་ལས་དོན་སྤེལ་བ་རེད། རོགས་སྐྱོར་སྟོབས་ཤུགས་མ་འབྱོར་གོང་། ཁོང་ཚོས་ལག་གཉིས་དང་ལྕགས་ཁྱེམ་ལ་བརྟེན་ནས་ཞིག་རོའི་ཁྲོད་ནས་ཉེན་གྱར་མང་ཚོགས་15བསྐྱབས་པ་དང་མི་254ཁ་བཀྲམ་པ་རེད།
མེ་གསོད་རུ་མི་འཕྲིན་ལས་རྒྱ་མཚོས་ཉིན་མཚན་གཉིས་བསྟུད་མར་འབད་འཐབ་བྱས་ཏེ་མང་ཚོགས་300ལྷག་ཙམ་ཁ་འགྲེམས་ཤིང་། མང་ཚོགས་ཀྱི་ཕྱུགས་ཟོག་ས་འོག་ཏུ་ལུས་པའི་གནས་ཚུལ་གོ་མ་ཐག ཁོང་གིས་ལག་པ་གཉིས་ལ་རྨ་བཟོས་པར་མ་འཛེམས་པར་གྱང་རོའི་ཁྲོད་དུ་ལག་པས་ས་འདྲུ་གིན་དུ་ནོར་ལུག་མི་ཉུང་བ་ཞིག་ཞིག་རོའི་འོག་ནས་བསྐྱབས། ཁོང་གིས་དེ་དག་ཚང་མ་མང་ཚོགས་ཀྱི་སྲོག་རྩ་ལྟ་བུ་རེད་ཅེས་བཤད།
གནོད་འཚེའི་རྗེས་སུ་སྐྲག་ཤོས་ནི་གནོད་འཚེ་སྒང་ལ་གནོད་འཚེ་ཡོང་བ་དེ་རེད།
ཡོམ་འགོག་གེགས་སེལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྗེས། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ལས་ཀའི་གཙོ་གནད་དེ་གེགས་རྗེས་བསྐྱར་སྐྲུན་གྱི་མེ་ཟོན་བདེ་འཇགས་འགན་ལེན་ལ་མགྱོགས་མྱུར་བསྒྱུར་ཞིང་། ཁོང་ཚོས་སྒྲིག་ལམ་ནན་པོ་ཞིག་བཟོས་པ་སྟེ། བཀོད་སྒྲིག་དང་བསྐྱར་སྐྲུན་ཁུལ་དུ“མེ་མི་ཤོར་བ་བྱ་རྒྱུ”དེ་རེད།
དེ་ནི་དུ་བ་མེད་པའི་དམག་འཐབ་ཞིག་ཡིན་པས། ངེས་པར་དུ་དོ་དོ་ནན་ནན་བྱེད་དགོས།
བསྐྱར་སྐྲུན་ལས་དོན་ཕྱོགས་ཡོངས་ནས་སྒྲུབ་འགོ་ཚུགས་མེད་རུང་མེ་གསོད་རུ་ཁག་གི་སྒྲིག་ལམ་སྔོན་ལ་གཏན་འཁེལ་བྱས་ཤིང་། ཉིང་ལག་རུ་ཁག་གིས་ལག་རྩལ་མཛུབ་ཁྲིད་ཚོགས་ཆུང་སྔ་སྣུར་དུ་སྟབས་བདེའི་ཁང་པ་རྒྱག་པ་དང་བསྐྱར་སྐྲུན་རྣམ་གྲངས་འཆར་འགོད་ཀྱི་ལས་དོན་ནང་ཞུགས་སུ་བཅུག་ཡོད།
མེ་ཟོན་བར་ཐག་ག་ཚོད་འཇོག་དགོས་སམ། གློག་རླངས་སྐུད་ལམ་གང་འདྲ་བྱས་ནས་ཁྲིད་དགོས་སམ། གུར་ཕུབ་པ་ནས་སྟབས་བདེའི་ཁང་པ་རྒྱག་པའི་བར། ཁོང་ཚོས་བཀོད་སྒྲིག་ས་ཚིགས་རིགས་2དང་། རིགས་ཆེན་པོ་7 མེ་ཟོན་བདེ་འཇགས་ཀྱི་ལག་རྩལ་འགག་གནད་ཁག་20བཅས་ཞིབ་ཕྲ་བཟོས་ཏེ་འབྱུང་རྩ་ནས་མངོན་མེད་རྐྱེན་ངན་བསལ་ཡོད། མེ་གསོད་སྡེ་ཚན་གྱི་མཛུབ་ཁྲིད་འོག་སྟབས་བདེའི་ཁང་པ་ཁྲི་1.5ལྷག་ཙམ་བརྒྱབ་པ་དང་བསྐྱར་སྐྲུན་རྣམ་གྲངས་286བརྟན་པོའི་ངང་སྐུལ་འདེད་བཏང་ཡོད།
“འཐབ་གྲོགས་ཚོས་ངའི་ནང་མིར་སྲུང་སྐྱོང་བྱེད་ངེས་ཡིན་པ་ང་ལ་ཡིད་ཆེས་ཆེན་པོ་ཡོད། དེར་བརྟེན། ངས་དེ་གའི་ཡུལ་མི་སྤུན་གྲོགས་རྣམས་ལ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན” ཞེས་སྐལ་བཟང་ཚེ་རིང་གིས་མིག་ལ་མཆི་ཞག་འཁོར་བཞིན་བཤད། ཁོང་གི་ཁྱིམ་རོགས་སྐྱོབ་བྱ་ཡུལ་གྱི་གྲོང་ཚོར་ཡོད་ཅིང་། ས་ཡོམ་བརྒྱབ་ནས་ཁོང་ཁྱིམ་གྱི་ཁང་པ་ལོག་མོད། འོན་ཀྱང་ཁོང་གིས་ཁྱིམ་དུ་མ་ལོག་པར་ལས་གནས་ཐོག་བསྡད་དེ་མང་ཚོགས་ལ་དངོས་ཟོག་ཁྲི་1ལྷག་ཙམ་སྐྱེལ་རོགས་དང་གུར་100ལྷག་ཙམ་ཕུབ་རོགས་བྱས་ཡོད།
ཉེན་སེལ་གུད་སྐྱོབ་ཀྱི“གདོང་མཆོང་པ”ནས་གེགས་རྗེས་བསྐྱར་སྐྲུན་གྱི“མཚན་སྲུང་བའི”བར་གཞིས་རྩེའི་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་ནི་སྔ་ཕྱི་བར་གསུམ་དུ་ཉེན་སེལ་གུད་སྐྱོབ་ནང་ཞུགས་མཁན་གྱི་ཆེད་ལས་སྟོབས་ཤུགས་གཅིག་པུ་དེ་རེད། རླངས་འཁོར་70དང་བཀོད་འཐབ་པ་227གྱིས་མུ་མཐུད་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་བསྡད་དེ། རིམ་རྩིས་བརྒྱབ་ན་མེ་ཟོན་སྐོར་ཞིབ་ཐེངས་ཁྲི་1.45བྱས་པ་དང་། མངོན་མེད་རྐྱེན་ངན་ཐེངས་ཁྲི་17.47ལྷག་ཙམ་གྲལ་བཤེར་བྱས་པ། དང་བླངས་མེ་གསོད་རུ་མི་མི་ཐེངས་ཁྲི་1.9ལ་གསོ་སྦྱོང་བྱས་པ། མི་ཐེངས་ཁྲི་5.1ལ་མེ་གསོད་ཤེས་བྱ་གསོ་སྦྱོང་བྱས་ཡོད།
ཁོང་ཚོས་རྐང་ཐང་མར་བསྐྱོད་དེ་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་རྔུལ་ཆུར་བརྟེན་ནས་འགོག་རགས་བརྟན་དུ་བཏང་སྟེ། གེགས་རྗེས་བསྐྱར་སྐྲུན་བྱས་པ་ནས་ད་བར་དུ“མེ་སྐྱོན་དང་ཉེན་ཁའི་གནས་ཚུལ་གཅིག་ཀྱང་མི་ཐོན་པའི”དམིགས་ཚད་མངོན་གྱུར་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་བློ་བཟང་སྙན་གྲགས་ཀྱིས། ལས་ཀའི་གཙོ་གནད་དེ“ཕུགས་ཕན་སྲ་བརྟན”ཕྱོགས་སུ་སྒྱུར་བ་དང་། མང་ཚོགས་ཀྱིས་མེ་དང་གློག་སྤྱོད་པའི་བདེ་འཇགས་ཀྱི་གནས་ཚུལ་ལ་དམིགས་ཏེ་མེ་ཟོན་སྐོར་ཞིབ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། “དྲ་རྒྱ་དང་མེ་ཟོན་མཉམ་འདྲེས”དང“ཉེན་རྟོག་དང་མེ་གསོད་མཉམ་འདྲེས”ཀྱི་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ། བཀོད་སྒྲིག་ས་ཚིགས་ཀྱི་མེ་གསོད་དང་བླངས་པའི་དཔུང་ཁག་དེ་གྲོང་ཚོའི་རྒྱུན་གྲབས་སྟོབས་ཤུགས་སུ་སྒྱུར་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་བོད་རྒྱ་སྐད་གཉིས་ཀྱི་མེ་ཟོན་དྲིལ་བསྒྲགས་གསོ་སྦྱོང་བཅས་བྱས་ནས་ཁྱིམ་གཞིས་གསར་པར་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་མེ་ཟོན་རྩལ་ནུས་ཆེ་རུ་གཏོང་བའི་རྩ་བ་ཚུགས་པར་བྱ་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།