ཟིན་དེབ་ཐོག་བྲིས་པའི་དམ་ཚིག་དེའི་ཆེད་དུ།
—— ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་བློ་བཟང་ཆོས་སྒྲོན་གྱི་སྐོར་བཀོད་པ།
དུས་ཡུན་རིང་པོར་སྐྲན་ནད་དང་འཐབ་རྩོད་དྲག་པོ་བྱས་རྗེས། “སྐྲན་འགོག་ཁྲིམས་དཔོན”བློ་བཟང་ཆོས་སྒྲོན་དངོས་སུ་རུ་ཁག་ནང་ཕྱིར་ལོག་བྱས། ས་བབ་སྨི་4700ཡོད་ཅིང་གསོ་རླུང་ཧ་ཅང་དཀོན་པའི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དུ་བློ་བཟང་ཆོས་སྒྲོན་གྱི་ལག་ཏུ་བཟུང་བའི་ཁྲིམས་དཔོན་གྱི་ཤིང་གི་ཐོ་བའི་སྒྲ་སླར་ཡང་སྙན་རོང་རྫོང་མི་དམངས་ཁྲིམས་ཁང་ནས་གྲགས།
ཞོགས་པར། བློ་བཟང་ཆོས་སྒྲོན་དུས་ཐོག་ཏུ་ཚན་པར་འབྱོར་ནས་ཉིན་གཅིག་གི་ལས་ལ་བྲེལ་འགོ་ཚུགས། རུ་ཁག་ནང་ཕྱིར་ལོག་བྱས་ནས་ད་བར་ཁོང་གིས་གྱོད་གཞི་ཁག་30ཞིབ་གཅོད་བྱས་པ་དང་། ཉེས་དོན་དང་དམངས་དོན་གྱི་གྱོད་གཞི་གཉིས་ཀ་མཉམ་དུ་སྒྲུབ་ཀྱི་ཡོད་རུང་། ལས་ཀའི་ཚད་གཞི་དམའ་རུ་གཏན་ནས་མི་གཏོང་བར་ཡིག་ཆ་རེ་རེ་དང་། ཁྲིམས་རའི་འདྲི་གཅོད་རེ་རེ། འདུམ་འགྲིག་བྱེད་ཐེངས་རེ་རེ་བཅས་སྔར་བཞིན་གཟབ་ནན་ཞིབ་ཚགས་ངང་སྒྲུབ་བཞིན་ཡོད།
ལོ་གཅིག་ལྷག་ཙམ་གྱི་གོང་། ཁོང་སྐྲན་ནད་དང་་འཐབ་རྩོད་བྱེད་བཞིན་ཡོད་པ་སུས་ཀྱང་རྟོགས་མི་ཐུབ།
དུས་ཡུན་རིང་པོར་མཐོ་གྲང་གསོ་རླུང་མི་འདང་བའི་ཁོར་ཡུག་ཁྲོད་དུ་ལས་ཀ་ཚད་ལས་བརྒལ་བ་བྱེད་དགོས་པས་ཁོང་གི་ལུས་ལ་རིམ་བཞིན་ནད་གཞི་ཕོག ཐེངས་ཤིག་འདྲི་གཅོད་བྱེད་སྐབས་ཁོང་གི་གྲོད་པར་གློ་བུར་དུ་ན་ཟུག་དྲག་པོ་བཏང་ནས་ངོ་མདོག་སྐྱ་བོར་གྱུར་རུང་ཁོང་གིས་ཁྲིམས་རའི་འདྲི་གཅོད་ཆ་ཚང་མཇུག་མ་འགྲིལ་བར་སྡུག་རུས་བྱས་པ་དང་། མཐར་རང་སར་འགྱེལ།
2024ལོའི་ཟླ་10པར། སྐྲན་ནད་ཕོག་པའི་བརྟག་དཔྱད་སྙན་ཞུ་ཞིག་གིས་གནམ་ལྕགས་ཐོག་བབ་ལྟར་ཁོང་གི་ལྷིང་འཇགས་ཀྱི་ལས་ཀ་དང་འཚོ་བར་འགྱུར་ལྡོག་བཏང་།
གཤགས་བཅོས་དང་། རྫས་འགྱུར་གསོ་བཅོས། འོད་འཕྲོའི་བཅོས་ཐབས་བཅས་གཅིག་རྗེས་གཉིས་མཐུད་ངང་བྱེད་དགོས་བྱུང་བ་དང་། སྐྱུག་མེར་ལངས་པ་དང་། གཉིད་མི་ཁུག་པ། ལྟོ་ཆས་ཟ་མི་ཐུབ་པ། གཟུགས་པོ་སྐམ་པ། སྐྲ་འབུད་པ། ན་ཟུག་གིས་མནར་བ་སོགས་ཁོང་ལ་དཀའ་སྡུག་ཚད་མེད་བཏང་།
ལོ་གཅིག་ལྷག་ཙམ་རིང་དཀའ་སྡུག་ཆེན་པོས་སྨན་བཅོས་བྱས་པ་བརྒྱུད། བློ་བཟང་ཆོས་སྒྲོན་གྱི་ནད་གཞི་སྡུག་ཏུ་ཕྱིན་མེད་མོད། འོན་ཀྱང་ད་དུང་དུས་ཡུན་རིང་པོ་སྨན་ཟ་བ་དང་དུས་བཀག་ཐོག་བརྟག་དཔྱད་བྱེད་དགོས་ཀྱི་ཡོད། མི་ཚང་མས་ཁོང་བློ་བདེའི་ངང་ལུས་པོ་གསོས་ནས་སྡོད་ཀྱི་རེད་སྙམ་རུང་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལས་གནས་ཐོག་ཕྱིར་ལོག་རྒྱུའི་གདམ་ག་བྱས། ཁྲིམས་ཁང་གི་ཏང་ཙུའུ་ཡིས་ཁོང་གི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་བལྟོས་བཅས་ཀྱིས་ལས་ཀ་ཅུང་ཉུང་བའི་ལས་གནས་ཐོག་འཇོག་རྩིས་བྱས་རུང་ཁོང་གིས་རང་འགུལ་ངང་དཀའ་གནད་དང་རྙོག་འཛིང་ཆེ་བའི་གྱོད་གཞི་རྩིས་ལེན་རྒྱུའི་རེ་འདུན་ཞུས།
ཨུ་ཚུགས་དང་བརྟན་སྲུང་དེ་ནི་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་ལས་བྱུང་བ་ཞིག་རེད། 2013ལོར་ལོ་ན་གཞོན་པའི་ལྷ་སའི་བུ་མོ་བློ་བཟང་ཆོས་སྒྲོན་ཆ་རྐྱེན་ཞན་པའི་སྙན་རོང་རྫོང་ཁྲིམས་ཁང་དུ་སླེབས། “བཅའ་ཁྲིམས་ཀྱི་ཉི་འོད་བོད་བྱང་ཐང་དུ་འཕྲོ་བར་བྱེད་ཀྱི་ཡིན”ཞེས་པ་དེ་ནི་ཁོང་གིས་སྐབས་དེ་དུས་ཟིན་དེབ་ཐོག་བྲིས་པའི་དམ་ཚིག་ཅིག་རེད།
སྐབས་དེ་དུས་འདྲི་གཅོད་ཐིང་ལ་དྲོད་རླངས་མེད་པས་འཁྱགས་ནས་རྐང་ལག་རེངས་པོར་གྱུར་མོད། འོན་ཀྱང་ཁོང་གིས་བྲིས་པའི་ཁྲིམས་རའི་འདྲི་གཅོད་ཟིན་ཐོ་སྔར་བཞིན་གྲལ་འགྲིག་ལ་ཁ་གསལ་བ་ཞིག་ཡོད། ཁོང་གིས་རྩ་བ་གཞི་རིམ་དུ་གཏིང་ཟབ་ཚུགས་ནས་རྒན་རབས་པ་དང་མཉམ་དུ་འབྲོག་ཁུལ་དུ་ལས་ལ་གཞོལ་ཞིང་། ཁོང་གིས་ཁེངས་སྐྱུང་ངང་འབྲོག་པའི་ས་ནས་ཡུལ་སྐད་སྦྱངས་ཏེ་བཅའ་ཁྲིམས་ཀྱི་ཐ་སྙད་དག“སྦྲ་གུར་ནང་གི་གནས་ལུགས”སུ་བསྒྱུར་ཡོད།
ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་ཀྱིས་དངོས་སྒྲུབ་བྱེད་རིང་། ཁོང་ལོ་ན་གཞོན་པའི་ལས་བྱེད་ཉེན་རྟོག་པ་ཞིག་ནས་མང་ཚོགས་ཀྱིས་བློས་འགེལ་ཆོག་པའི་མི་དམངས་ཁྲིམས་དཔོན་ཞིག་ཏུ་གྱུར།
སྙན་རོང་ནི་ས་རྒྱ་ཆེ་ལ་མི་གྲངས་མང་པོ་མེད་པ་ཞིག་ཡིན་པས་གྱོད་གཞི་སྒྲུབ་དཀའ་བ་དང་། སྐྱེལ་སྤྲོད་དཀའ་བ། འདུམ་འགྲིག་དཀའ་བ་བཅས་ནི་རྒྱུན་གཏན་དུ་གྱུར་ཡོད་ལ། གཞི་རིམ་གྱི་འདྲི་གཅོད་སྟོབས་ཤུགས་ཀྱང་འདང་ངེས་མེད་པས། བློ་བཟང་ཆོས་སྒྲོན་གྱིས་གྱོད་ཐོ་བཀོད་དེ་སྐྱེལ་བ་ནས་ཁྲིམས་སར་འདུམ་འགྲིག་བྱེད་པའི་བར་དང་། ཁྲིམས་ར་འཚོགས་ཏེ་ཞིབ་གཅོད་བྱེད་པ་ནས་ཤན་འབྱེད་ཡིག་རིགས་འབྲི་བའི་བར། དཔྱད་མཚམས་ཁྱབ་བསྒྲགས་ཀྱི་བཅའ་ཁྲིམས་འགྲེལ་བཤད་བྱེད་པ་ནས་མཐུན་སྦྱོར་ལག་ལེན་བསྟར་བའི་བར་སོགས་དམངས་དོན་འདྲི་གཅོད་ཀྱི་ལས་དོན་ཧྲིལ་པོའི་འགན་འཁུར་གྱི་ཡོད་པ་དང་། ལོ་ཧྲིལ་པོར་དམངས་དོན་གྱོད་གཞི་230ལྷག་ཙམ་ཐག་གཅོད་མཐའ་འདོམས་བྱས་ཡོད།
ལོ་13རིང་གཞི་རིམ་དུ་གཞི་ཚུགས་ཤིང་། ལོ་13རིང་དམངས་ལ་ཞབས་འདེགས་ཞུ་བ་དང་། ལོ་13རིང་ཁྲིམས་འཛིན་དྲང་གཞག་ལ་གཞོལ་བའི་བློ་བཟང་ཆོས་སྒྲོན་གྱིས་མང་ཚོགས་ཀྱི་བདེ་སྡུག་བློ་ལ་བརྟན་པོར་ངེས་ཏེ། འགལ་ཟླ་དང་རྩོད་གཞི་རིམ་བཞིན་སེལ་བ་དང་། དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་དེ་དག་ལ་ཀུན་གྱི་བསྔགས་བརྗོད་ཐོབ་ནས་སྔ་རྗེས་སུ་རྫོང་རིམ་པའི་ཕུལ་བྱུང་གཞུང་ཞབས་པ་དང་། གྲོང་ཁྱེར་རིམ་པའི་གྱོད་སྒྲུབ་དཔེ་དམག ལྗོངས་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།