“བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གྲལ་བཤེར་རོགས་སྐྱོབ་བྱེད་པའི་ལྷ་རྗེའི་བྱ་སྤྱོད”ལྷ་སར་སྤེལ་འགོ་ཚུགས་པ།
ཚེས་3ཉིན་གྱི་ཕྱི་དྲོར། 2026ལོའི“བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གྲལ་བཤེར་རོགས་སྐྱོབ་བྱེད་པའི་ལྷ་རྗེའི་བྱ་སྤྱོད”ལྷ་སར་སྤེལ་འགོ་ཚུགས་པ་རེད།
ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པ་དང་། ཅི་ནན་གྲོང་ཁྱེར་ལྟེ་བའི་སྨན་ཁང་། ཙི་པོ་ཧྲི་པོ་མཐོ་གསར་སྨན་ཁང་། ཧོ་ཡིའུ་སྨན་ཁང་བཅས་ཀྱི་དང་བླངས་སྨན་བཅོས་རུ་ཁག་4ཡིས་ལྷན་སྐྱེས་སྙིང་ནད་དང་རུས་ནད་ཚན་ཁག་རིགས་གཉིས་ལ་དམིགས་ནས་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ། མངའ་རིས་སོགས་སུ་བསྐྱོད་དེ་དུས་ཡུན་ཉིན་10ཡི་སྨན་རིན་མི་དགོས་པར་གྲལ་བཤེར་ལས་དོན་སྤེལ་བ་དང་རོགས་སྐྱོབ་ཆ་རྐྱེན་འཛོམས་པའི་ནད་པར་སྨན་རིན་མི་དགོས་པར་གཤགས་བཅོས་བྱ་རྒྱུ་རེད།
ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པས་རང་ལྗོངས་སུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གྲལ་བཤེར་རོགས་སྐྱོབ་ཐེངས་18བྱས་པ་རེད། “ད་ཐེངས་ནི་ང་བོད་ཀྱི་ལྷན་སྐྱེས་སྙིང་ནད་གྲལ་བཤེར་སྐྱོབ་བཅོས་ལས་དོན་ནང་ཞུགས་ཐེངས་གསུམ་པ་ཡིན། ང་ཚོའི་སྨན་ཁང་གིས་ལྷན་སྐྱེས་སྙིང་ནད་ཕོག་པའི་བོད་ཀྱི་བྱིས་པ་བརྒྱ་ལྷག་ཙམ་ལ་སྨན་རིན་མི་དགོས་པར་གཤགས་བཅོས་བྱས་ནས་གཤགས་བཅོས་ལེགས་གྲུབ་བྱུང་ཚད་100%ཟིན་ཡོད”ཅེས་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པའི་སྙིང་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ལིའུ་ཀོང་ཝུན་གྱིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས་ཀྱིས་2012ལོར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གྲལ་བཤེར་རོགས་སྐྱོབ་བྱེད་པའི་བྱ་སྤྱོད་སྤེལ་ཚུན། བོད་འདི་ཉིད་ཐོག་མཐའ་བར་གསུམ་དུ་གཙོ་གནད་རོགས་སྐྱོར་ས་ཁུལ་དུ་བརྩིས་ནས་ལོ་མང་རིང་རྣམ་གྲངས་དེར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་1400ལྷག་ཙམ་བཏང་བ་དང་སྔ་རྗེས་སུ་སྨན་བཅོས་ཚོགས་པ་ཐེངས་20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་དུ་བསྐྱོད་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་650ཙམ་ལ་སྨན་རིན་མི་དགོས་པར་གྲལ་བཤེར་དང་སྐྱོབ་བཅོས་ཀྱི་ཞབས་འདེགས་ཞུས་ཡོད།
འབྲེལ་ཡོད་གསར་འགྱུར།