རང་སྐྱོང་ལྗོངས་ཀྱི་སྐོར་ཞིབ་ཚོགས་ཆུང་གིས་རང་ལྗོངས་ཀྱི་2026ལོའི་མཐོ་རྒྱུགས་གནས་ཚུལ་ལ་སྐོར་ཞིབ་བྱས་པ།
ཚེས་7ཉིན། རྒྱལ་ཡོངས་མཐོ་རྒྱུགས་ཀྱི་ཉིན་དང་པོར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་དང་ཀྲུའུ་ཧྲོའུ་ཁོའོ་ཡིས་རང་ལྗོངས་ཀྱི་མཐོ་རྒྱུགས་གནས་ཚུལ་དང་ལྷ་ས་གྲོང་ཁྱེར་གྱི་མཐོ་རྒྱུགས་རྒྱུགས་གནས་ཁག་གཅིག་ལ་མཉམ་དུ་སྐོར་ཞིབ་གནང་བ་རེད།
སྐོར་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དང་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་སོགས་སུ་བསྐྱོད་དེ་ཡིག་རྒྱུགས་ལས་དོན་བཀོད་འདོམས་ལྟེ་གནས་འཁོར་སྐྱོད་དང་། ཡིག་རྒྱུགས་སྒྲིག་འཛུགས་ལག་བསྟར། རྒྱུགས་གནས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར། རྒྱུགས་གནས་ཀྱི་བདེ་འཇགས་སྲུང་སྐྱོང་། སྨན་བཅོས་ཞབས་ཞུ་འགན་སྲུང་སོགས་ཀྱི་ལས་དོན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་འབྲེལ། རང་སྐྱོང་ལྗོངས་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ལས་དོན་བཀོད་འདོམས་ལྟེ་གནས་བརྒྱུད། ལྗོངས་ཡོངས་ཀྱི་མཐོ་རྒྱུགས་ལ་དྲ་ཐོག་ནས་སྐོར་ཞིབ་བྱས་པ་དང་། རྒྱུགས་ཁུལ་གྱི་གནས་ཚུལ་སྙན་སེང་ཉན་པ་མ་ཟད། ཡིག་རྒྱུགས་ཀྱི་བདེ་འཇགས་དོ་དམ་དང་རྒྱུགས་སྤྲོད་སློབ་མའི་ཞབས་ཞུ་འགན་སྲུང་ལས་དོན་ལ་སླར་ཡང་ནན་བཤད་དང་བཀོད་སྒྲིག་ཀྱང་བྱས་པ་རེད།
སྐོར་ཞིབ་ཚོགས་ཆུང་གིས། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱུགས་སྤྲོད་སློབ་མར་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བར་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་དང་། འགྲོ་སྐྱོད། ཟས་སྡོད། འཕྲོད་བསྟེན་སོགས་ཐད་ཀྱི་ཕྱོགས་བསྡུས་འགན་སྲུང་ཡག་པོ་བྱས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་འདྲ་མཉམ་ངང་ཡིག་རྒྱུགས་ནང་ཞུགས་པར་ལུགས་མཐུན་གྱི་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག དབང་གྲགས་ལྡན་པའི་ཁྱབ་བསྒྲགས་དང་སྲིད་ཇུས་གསལ་འགྲེལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ཞབས་ཞུ་ལེགས་སུ་བཏང་ནས་བདེ་འཇགས་ངང་མཐོ་རྒྱུགས་གཏོང་ཐུབ་པའི་འགན་ལེན་ཧུར་ཐག་བྱེད་དགོས། མཐའ་ཚད་འཛིན་སེམས་མཐའ་འཁྱོངས་ཀྱིས་ཡིག་རྒྱུགས་ཀྱི་བདེ་འཇགས་ལས་དོན་ཨང་དང་པོར་འཇོག་པ་དང་ཡིག་རྒྱུགས་གཏོང་རོགས་བྱེད་པའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། ཚད་གཞི་དེ་བས་མཐོ་པོས་དོ་དམ་ཚད་ལྡན་དུ་བཏང་ནས་ཡིག་རྒྱུགས་དྲང་གཞག་དྲང་བདེན་ཧུར་ཐག་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།