དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་གྱིས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་རྒྱུན་མཐུད་བརྟན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཧྥན། ཝང་མིང་ཧྥུང་། ལི་ཁའེ་ཤོན།   |     སྤེལ་དུས།  2026-06-09

    དབྱར་ཟླ་6པར་སི་ཁྲོན་དུ་རྩྭ་དང་རྩི་ཤིང་སྔོ་ཐིང་ངེར་གནས་པ་དང་གཙང་པོ་ལྷུང་ལྷུང་དུ་བཞུར་ཞིང་། སི་ཁྲོན་དབྱི་པིན་གྱི་སན་ཅང་ཁོའུ་རུ་འབྲི་ཆུ་དང་། ཅིན་ཧྲ་གཙང་པོ། རྨིན་ཅང་གཙང་པོ་བཅས་གཙང་པོ་དང་ཆུ་བོ་གསུམ་གཅིག་ཏུ་འདྲེས་ནས་ཤར་ཕྱོགས་སུ་རྒྱུག་བཞིན་ཡོད།

    2022ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱི་པིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་སན་ཅང་ཁོའུ་རུ་ཕེབས་ཤིང་། གཙང་གསུམ་འབྲེལ་མདོར་རྒྱང་གཟིགས་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས“སི་ཁྲོན་འདི་ཉིད་འབྲི་ཆུའི་སྟོད་རྒྱུད་དུ་གནས་ཡོད་པས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྟོད་རྒྱུད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་དམ་འཛིན་བྱེད་པ་དང་གསར་སྤེལ་ཆེན་པོའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་བ་བཅས་བྱས་ནས་དྭངས་གཙང་ཆུ་བོ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་བསྟན་གནང་བ་དང་། 2023ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས“འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་བར་མུ་མཐུད་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སི་ཁྲོན་གྱིས་སྙིང་རུས་གཏན་འཁྱོངས་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་གཙང་པོ་དང་ཆུ་བོ་བརྟན་པོ་ཡོང་ཆེད་སྐྱེ་ཁམས་སྲུང་བཅད་བསྐྲུན་ཡོད།

    ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས“དྭངས་གཙང་ཆུ་བོ་ཤར་ཕྱོགས་སུ་རྒྱུག་པ”སྲུང་སྐྱོང་བྱས་པ།

    ཏ་ཀྲོའུ་གྲོང་ཁྱེར་ཏ་ཀྲུའུ་རྫོང་གི་ཐུང་པོ་གཙང་པོའི་ཆུ་མོ་དྭངས་ཤིང་ཆུ་ངོགས་སྔོ་ལྗང་ཅན་དང་ཉ་དང་ཤ་སྨི་ཅི་དགར་རོལ་བཞིན་ཡོད། དེས་ན་དེ་སྔ་བཟོ་ལས་ཀྱི་བཙོག་ཆུ་དང་འཚོ་བའི་བཙོག་ཆུ་ཐད་ཀར་གཙང་པོར་འབུད་པས་ཐུང་པོ་གཙང་པོའི་ཆུའི་སྤུས་ཚད་སྐབས་ཤིག་རིང་ཆུ་སྤུས་རིགས་ལྔ་པ་བར་ཞན་དུ་ཕྱིན་ཡོད།

    ཆུ་རྒྱུད་གསོ་ཚགས་བཀག་སྡོམ་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ར་བ་བཤིགས་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭའི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་སྟེ“གསང་སྤྱོད་གསར་བརྗེ”ཏན་ཏིག་བྱས་པ་དང་། ཏ་ཀྲུའུ་རྫོང་གིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་མ་དངུལ་སྒོར་དུང་ཕྱུར་2.17སྤྱི་འདོམས་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱས་པར་ད་ཆ་ཐུང་པོ་གཙང་པོའི་ཆུའི་སྤུས་ཚད་རིགས་གསུམ་པ་ཡན་རྒྱུན་འཁྱོངས་ཐུབ་ནས་སྐྱེ་ཁམས་ཁོར་ཡུག་པུའི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོ་ཡི་ཕུལ་བྱུང་དཔེ་མཚོན་ནང་ཚུད་ཡོད།

    སི་ཁྲོན་གྱི་ས་ངོས་ཆུའི་ཐོན་ཁུངས་ཀྱིས་འབྲི་ཆུའི་ཆུ་རྒྱུན་གྱི་1/3ཟིན་པ་དང་། རྨ་ཆུའི་ཆུ་གཞུང་གི་ཆུ་བྲི་དུས་ཀྱི་ཆུ་40%དང་ཆུ་རྒྱས་དུས་ཀྱི་ཆུ་26%ཚང་མ་སི་ཁྲོན་ནས་རྒྱུག་ཡོང་གི་ཡོད། དྭངས་གཙང་ཆུ་མོ་སྲུང་སྐྱོང་བྱེད་པར་སི་ཁྲོན་གྱིས་སྟོད་རྒྱུད་དང་སྨད་རྒྱུད་གཞི་གཅིག་ཏུ་སྦྲེལ་བའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱས་པ་དང་འབྲི་ཆུ་དང་རྨ་ཆུ་སོགས་མ་ཡུམ་ཆུ་བོ་སྲུང་སྐྱོང་འཆར་འགོད་སྤྱི་འདོམས་ངང་བཟོས་ཏེ《སི་ཁྲོན་ཞིང་ཆེན་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བཅས་བྱས་པས། ཆུ་བོ་དང་མཚོ་གཙོ་བོར་སྲུང་སྐྱོང་གང་ལེགས་ཐུབ་ཡོད། ཏ་ཀྲོའུ་དང་ཙི་དབྱང་སོགས་ཀྱི་ཆུ་ལག་ཏུ་འཚོ་བའི་བཙོག་ཆུར་དོ་དམ་ཚོད་འཛིན་དང་ཞིང་ལས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་པ་རེད།

    གཙང་པོ་རྒྱུག་ཁུལ་གྱི་བཙོག་ཆུ་འབུད་ས་དང་བཙོག་ཆུ་དྲི་ཅན་སོགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། སི་ཁྲོན་གྱིས་གཙང་པོ་རྒྱུག་ཁུལ་གྱི་བཙོག་ཆུ་འབུད་ས་ཁྲི་3.1ལྷག་ཙམ་ཚང་མར་ཚད་ལྡན་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དྲི་ཅན་412མེད་པར་བཟོས་ཡོད། རྒྱལ་ཁབ་དང་ཞིང་ཆེན་345ཡིས་བཅད་ཁའི་ཆུ་སྤུས་ལེགས་ཚད་ལོ་3བསྟུད་མར་100%རྒྱུན་འཁྱོངས་བྱས་པའི་ནང་རིགས་གཉིས་པ་དང་དེ་ཡན་གྱི་བཅད་ཁས་73.6%བཟུང་ཡོད།

    བརྒྱུད་རིམ་ལྡན་པའི་སྔོ་ལྗང་རྒྱ་སྐྱེད་བཏང་བས་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ཕན་འབྲས་མངོན་གསལ་དོད་པ།

    རྨ་ཆུའི་ཁུག་པ་དགུ་ལས་གཡུ་མདོག་གི་མཛོད་དགེ་འདམ་རར་མཚོ་ཁུག་དང་པོ་ཆགས་པ་དང་། རྨ་ཆུའི་ཆུ་འགོར་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་བའི་འདམ་ར་དེར་སྐྱེ་ཁམས་ཀྱི་ཉམས་ཉེན་ཆེན་པོ་འཕྲད་ཡོད།

    བྱེ་འགྱུར་བཀག་འགོག་དང་། འདམ་ར་སླར་གསོ། རྩྭ་ཐང་སླར་གསོ་སོགས་རིགས་ཆེན་པོ་10ཡི་ཡན་ལག་རྣམ་གྲངས་ཁག་39དང་སྐྱེ་ཁམས་སླར་གསོའི་ས་ཚིགས་5000ལྷག་ཙམ་ལ་རི་ཆུ་ནགས་ཞིང་དང་། མཚོ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་རྒྱུན་མཐུད་སྤེལ་བཞིན་ཡོད། མིག་སྔའི་བར་མཛོད་དགེ་འདམ་རར་རིམ་རྩིས་བརྒྱབ་ན་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་23.25ཟིན་ཡོད།

    བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སི་ཁྲོན་གྱིས་མུ་མཐུད་ཤུགས་བརྒྱབ་ཅིང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་སྐྱེ་ཁམས་སླར་གསོའི་འཆར་འགོད་མ་ལག་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གནས་ཡུལ་85%ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། “ལྗང་ཕུབ”བྱ་སྤྱོད་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཁུངས་སྣེ་1500ལྷག་ཙམ་ལ་ཞིབ་བཤེར་དག་ཐེར་བྱས་པ་དང་། རྡོ་དང་། བྱེ་མ། གཏེར་ཁ་བཅས་སྔོག་པ་དང་གཙང་པོ་དང་མཚོ་ངོགས་བཙན་བཟུང་སོགས་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་བཀག་འགོག་ནུས་ལྡན་ཐུབ་ཡོད།

    ཉེ་བའི་ལོ་ལྔའི་རིང་། སི་ཁྲོན་གྱིས་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་2709བྱས་པ་དང་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྐྱེ་ཁམས་སླར་གསོ་མུའུ་ཁྲི་353བྱས་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་ཁུལ་43དང“རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་ཁག་14བསྐྲུན་པའི་གྲངས་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    གསར་དར་ཐོན་ལས་འཕེལ་རྒྱས་ཁྲོད་ལྗང་མདོག་རིན་ཐང་ཆེ་རུ་ཕྱིན་པ།

    གཙང་གསུམ་འདྲེས་མཚམས་དབྱི་པིན་གྱིས་དེ་སྔ“རྫས་འགྱུར་བཟོ་ལས་ཀྱིས་གཙང་པོ་བསྐོར་བ་དང་སྦགས་བཙོག་གིས་གྲོང་ཁྱེར་བསྐོར་བའི”གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།

    དེ་རྗེས་བཅོས་སྒྲིག་བྱས་ནས་དབྱི་པིན་གྱིས་གཙང་པོའི་རྒྱུད་ཀྱི་ཁེ་ལས་197ཚང་མ་གནས་སྤོ་དང་སྒོ་བརྒྱབ་ནས་སྤྱི་ལེ་5.61ཟིན་པའི་ཐོན་སྐྱེད་མཚོ་རྒྱུད་ནས་ཕྱིར་འཐེན་བྱས་ཡོད། ཐོན་སྐྱེད་ཕྱོགས་སྒྱུར་བྱས་ཏེ་དབྱི་པིན་གྱིས་སྔ་རྗེས་སུ་སྒུལ་ཤུགས་གློག་རྫས་དང་། གྲངས་འཛིན་དཔལ་འབྱོར། ནུས་གསོག་གསར་པ་སོགས་གསར་དར་ཐོན་ལས་ནང་འདྲེན་བྱས་ཡོད། “རྫས་འགྱུར་བཟོ་ལས་ཀྱིས་གཙང་པོ་བསྐོར་བའི”ལོ་རྒྱུས་མཇུག་འགྲིལ་ནས་ལྗང་མདོག་འགུལ་ནུས་མངོན་གསལ་དོད་དུ་ཕྱིན་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་བསྡུར་ཚད་གྱི་47.9%བཟུང་ཡོད།

    “ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཚེ་རྩ་ཆེའི་ཉ་རིགས་སྲུང་སྐྱོང་བྱེད་ཐུབ” དབྱི་པིན་གྱི་རྩ་ཆེའི་ཆུར་གནས་སྲོག་ཆགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲོའུ་ལེང་གིས་དབྱི་པིན་གྱི་ལྗང་མདོག་འཕེལ་རྒྱས་ལ་དཔང་པོ་བྱེད་ཐུབ། ད་ལོའི་ཟླ་4པར་ཀྲུང་གོ་ཆུ་ཐོན་དངོས་རྫས་ཚན་རིག་ཞིབ་འཇུག་ཁང་འབྲི་ཆུའི་ཆུ་ཐོན་དངོས་རྫས་ཞིབ་འཇུག་སུའོ་སོགས་ཚན་པས་དབྱི་པིན་དུ་སྤེལ་བའི“འབྲི་ཆུའི་ཉ་སྒོང་གི་བྱེད་ནུས་ཚོད་ལྟ”ལེགས་གྲུབ་བྱུང་ནས་འབྲི་ཆུའི་ཉའི་རང་བྱུང་སྐྱེ་འཕེལ་སླར་གསོ་བྱུང་བར་འགག་རྩའི་གོམ་པ་ཞིག་སྤོས་ཡོད།

    འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་བཏང་ནས་སི་ཁྲོན་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། “ལྗང་མདོག་ཚད་ཤིང”བཟོས་ནས་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་ཇུས་གཞི་བཟོས་པ་དང་འབྲེལ་དོ་དམ་ཚོད་འཛིན་མ་ལག་བཙུགས་ཏེ་ཐོན་ལས་བཀོད་སྒྲིག་ལེགས་གཏོང་དང་གྲུབ་ཆ་ལེགས་སྒྲིག་ལ་གཞི་འཛིན་ས་མཁོ་འདོན་བྱས་ཡོད། “ཐཱན་འདུས་ཚད”དམའ་རུ་གཏོང་བ་དང་། ཐཱན་ཁྲོམ་རའི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ། ས་ཁོངས་ལས་བརྒལ་བའི་གནམ་གཤིས་འགྱུར་ལྡོག་དང་འཚམ་པའི་བྱ་སྤྱོད་ཀྱི་ཇུས་གཞི་ཁྱབ་བསྒྲགས་བཅས་བྱས་ནས་ཐཱན་ཁྲོམ་རའི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་14ལས་བརྒལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།