སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་སྒྲུབ་གཉེར་སྒྲིག་སྲོལ་ཁྱབ་བསྒྲགས་བྱས་པ།
གྲངས་བཅད་དང་། བེད་སྤྱོད། མཇུག་རྩིས་སོགས་ཀྱི་ཆ་འཕྲིན་ཁ་གསལ་བཟོས་པ།
ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་6ཚེས་5ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་སོགས་སྡེ་ཚན་གྱིས《ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་སྒྲུབ་གཉེར་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་ནས་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་བརྒལ་ནས་མཉམ་དུ་སྤྱོད་པའི་གྲངས་བཅད་དང་། བེད་སྤྱོད། མཇུག་རྩིས་སོགས་ཐད་གཏན་འབེབས་ཁ་གསལ་བཟོས་པ་རེད།
ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་ཅེས་པ་ནི་རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་མི་སྒེར་གྱི་སྨན་བཅོས་འགན་བཅོལ་དངུལ་ཁུག་འཛུགས་པ་དང་མཉམ་སྤྱོད་གྲངས་བཅད་བཀོད་སྒྲིག་བྱས་ཏེ། ལས་བཟོའི་མི་སྒེར་གྱི་རྩིས་ཐོའི་མ་དངུལ་གཏན་འབེབས་ལྟར་གཉེན་ཉེས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པ་དང་སྨན་ཉོ་སྐབས་མི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་དང་དེ་བཞིན་འགན་བཅོལ་ལ་ཞུགས་པའི་གྲོན་དངུལ་སྤྲོད་ཆོག་པར་ཟེར།
སྒྲིག་སྲོལ་ནང་གཏན་འབེབས་བྱས་དོན། ཞིང་ཆེན་བརྒལ་བའི་མཉམ་སྤྱོད་བྱ་ཡུལ་ནི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་གྱི་གཉེན་ཉེ་ཡིན་པ་དང་མཉམ་སྤྱོད་བྱ་ཡུལ་ནི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་ཡིན་དགོས། གཉེན་ཚན་ཉེ་གྲས་ཀྱི་ཁོངས་སུ་བཟའ་ཟླ་དང་། ཕ་མ། བུ་ཕྲུག གཅེན་གཅུང་མིང་སྲིང་། སྤོ་བོ་དང་རྨོ་བོ། ཚ་བོ་ཚ་མོ་བཅས་ཚུད་ཡོད། འགན་བཅོལ་ལ་ཞུགས་མཁན་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱི་ཉེར་སྤྱོད་གོ་རིམ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས། འགན་བཅོལ་ལ་ཞུགས་སའི་སྨན་བཅོས་འགན་བཅོལ་གྱི་ལས་གཉེར་སྒྲིག་གཞིའི་སྐར་ཁུང་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་མཉམ་སྤྱོད་ཀྱི་འབྲེལ་བ་འཛུགས་པའམ་ཡང་ན་མེད་པར་བཟོས་ཆོག
མཉམ་སྤྱོད་བྱེད་མཁན་གྱིས་སྨན་བཅོས་འགན་བཅོལ་དངུལ་ཁུག་བརྒྱུད་མཉམ་སྤྱོད་བྱ་ཡུལ་ལ་མཉམ་སྤྱོད་གྲངས་བཅད་བཟོ་ཆོག་པ་དང་མཉམ་སྤྱོད་བྱེད་མཁན་གྱིས་གྲངས་བཅད་དེའི་མི་སྒེར་གྱི་རྩིས་ཁྲའི་མ་དངུལ་སྤྱོད་མི་རུང་། མཉམ་སྤྱོད་བྱ་ཡུལ་གྱིས་ཐོབ་པའི་མཉམ་སྤྱོད་གྲངས་བཅད་དེ་ཕྱོགས་གསུམ་པར་མཉམ་སྤྱོད་བྱེད་མི་ཆོག མཉམ་སྤྱོད་བྱ་ཡུལ་གྱིས་གཏན་འབེབས་དང་མཐུན་པའི་གྲོན་དངུལ་སྤྲོད་དགོས་ཚེ་མཉམ་སྤྱོད་གྲངས་བཅད་ནས་རྩིས་རྒྱག་ཆོག
སྒྲིག་སྲོལ་ལ་གཞིགས་ན། མཉམ་སྤྱོད་བྱ་ཡུལ་གྱིས་མཉམ་སྤྱོད་གྲངས་བཅད་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་རིང་མི་སྒེར་གྱིས་སྤྲོད་དགོས་པའི་སྨན་རིན་དང་། གནས་གཏན་འཁེལ་གྱི་སྨན་རྫས་སིལ་འཚོང་ཚོང་ཁང་ནས་གཏན་འབེབས་དང་མཐུན་པའི་སྨན་རྫས་དང་། སྨན་བཅོས་ཡོ་བྱད། སྨན་སྤྱོད་ཟད་གྲོན་རྒྱུ་ཆ་བཅས་ཉོ་སྐབས་མི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་ཐད་སྤྱད་ཆོག དེ་དང་ཆབས་ཅིག མཉམ་སྤྱོད་བཅད་གྲངས་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཡུན་རིང་ནད་སྐྱོང་འགན་བཅོལ་ནང་ཞུགས་སྐབས་མི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་ཐད་སྤྱོད་ཆོག་པ་དང་ངེས་པར་དུ་གྲངས་ཚང་སྤྲོད་དགོས།
མཇུག་རྩིས་དོ་དམ་ཐད། མི་སྒེར་གྱི་རྩིས་ཁྲའི་ཞིང་ཆེན་བརྒལ་བའི་མཉམ་སྤྱོད་མ་དངུལ་ལ་སྔོན་སྤྲོད་མ་དངུལ་གྱི་དོ་དམ་བྱེད་པ་དང་འབྲེལ། ཞིང་ཆེན་བརྒལ་བའི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྔོན་སྤྲོད་མ་དངུལ་ནང་བཅུག་ནས་གཅིག་གྱུར་ཐོག་དོ་དམ་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།