དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་གྱིས་གྲོང་གསེབ་གཞུང་ལམ་གྱི་དམངས་ཕན་སྤུས་དག་ལས་གྲྭ་ལག་ལེན་གཏིང་ཟབ་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-09

    ད་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། རེ་སྒུག སེམས་ཁྲལ་བཅས་ཀྱི་འགྲུལ་བཞུད་དགོས་མཁོར་དམིགས་ནས། གྲོང་གསེབ་གཞུང་ལམ་གྱི་དམངས་ཕན་སྤུས་དག་ལས་གྲྭ་ལག་ལེན་གཏིང་ཟབ་བསྟར་ཏེ་ཞིང་འབྲོག་ཁུལ་གྱི་འགྲིམ་འགྲུལ་གྱི་དམངས་འཚོའི་ཞན་ཆ་བསལ་ཡོད། ཟླ་6ཚེས་2ཉིན་བར། ཞིང་ཆེན་དེས་སྤྱིར་བཏང་གི་ཞིང་ཆེན་གཞུང་ལམ་སྤྱི་ལེ་357.9དང་དེ་བཞིན་གྲོང་གསེབ་གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་པ་དང་། ཤང་དང་གྲོང་རྡལ་6ལ་རིམ་གསུམ་གཞུང་ལམ་ཤར་གཏོང་ཐུབ་པའི་རྣམ་གྲངས་ཁག་3ལས་འགོ་འཛུགས་པ། རང་བྱུང་གྲོང་ཚོ་100ལ་ཨར་འདམ་ལམ་ཤར་གཏོང་གི་འགྲོ་ལུགས་ཚང་མ་གཉེར་ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱིས་དམངས་ཕན་ཟམ་པ་500འཛུགས་སྐྲུན་དང་ཉེན་ཡོད་ཟམ་པ་20སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་བཏང་ནས། སྤྱི་ལེ་400ཡོད་པའི་གྲོང་ཚོའི་གཞུང་ལམ་གྱི་བདེ་འཇགས་འགོག་སྲུང་ལས་གྲྭ་དུས་གཅིག་ཏུ་ལག་ལེན་བསྟར་ཏེ་འགྲོ་ལམ་ཕྱིར་སྐྱོད་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད། སྤྱི་ལེ་1240ཡི་ལམ་རྒྱུད་ཁོར་ཡུག་བཅོས་སྒྲིག་དང་སྤྱི་ལེ་607གྱི་གྲོང་གསེབ་གཞུང་ལམ་གཡས་གཡོན་དུ་མེ་ཏོག་དང་རྩྭ་རྩི་ཤིང་འདེབས་པའི་ལས་དོན་ལེགས་སྒྲུབ་ཟིན་ནས་ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་ཡོད། གཞན་ཡང་སྤྱི་ལེ་4000ཡི་ས་རྡོའི་ལམ་དུམ“ས་གནས་ས་ཐོག་ཏུ་བསྐྱར་བཟོའི”སྤུས་དག་སྒྱུར་བཀོད་དང་སྤྱི་ལེ་100ཡི་གྲོང་ཚོ་དང་གྲོང་རྡལ་གྱི་འགྲོ་ལམ་མཛེས་བཟོའི་ལས་གྲྭའི་དུས་འགོའི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་རྗེས་མཐུད་ཀྱི་རིམ་སྤོར་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།