དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་5པར་ཀྲུང་གོའི་ཟོག་འགྲུལ་ལས་རིགས་ཀྱི་འཕར་ཚུལ་སྟོན་གྲངས་50.3%ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-09

    ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཟླ་ལྔ་པའི་ཀྲུང་གོའི་ཟོག་འགྲུལ་ལས་རིགས་ཀྱི་འཕར་ཚུལ་སྟོན་གྲངས་50.3%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.6འཕར་ནས་དགོས་མཁོ་སླར་ཡང་ཆེ་རུ་ཕྱིན་ཏེ་ཁྲོམ་རའི་སྔོན་དཔག་ཡག་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    “ཟླ་5པར་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཐུན་སྦྱོར་མགྱོགས་མྱུར་ཐུབ་ནས་ཟོག་འགྲུལ་ལས་སྒོའི་དགོས་མཁོ་བརྟན་ཐོག་བསྐྱར་འཕར་བྱུང་ཡོད། ལས་འབོར་གྱི་སྟོན་གྲངས་དང་། མངགས་ཐོ་གསར་པའི་སྟོན་གྲངས། མཛོད་ཉར་འཁོར་རྒྱུག་ཐེངས་གྲངས་ཀྱི་སྟོན་གྲངས། ཟོག་འགྲུལ་ཞབས་ཞུའི་རིན་གོང་གི་སྟོན་གྲངས། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་ལེགས་གྲུབ་བྱུང་བའི་བསྡོམས་འབོར་གྱི་སྟོན་གྲངས། ལས་གཉེར་མི་སྣའི་སྟོན་གྲངས། ལས་སྒོའི་བྱེད་སྒོའི་སྔོན་དཔག་སྟོན་གྲངས་བཅས་རྒྱ་སྐྱེད་བར་མཚམས་སུ་གནས་ཡོད”ཅེས་ཀྲུང་གོ་ཟོག་འགྲུལ་ཆ་འཕྲིན་ལྟེ་གནས་ཀྱི་སྤྱི་ཁྱབ་དཔལ་འབྱོར་ཆེད་ལས་ཅན་གཞོན་པ་ཧུའུ་ཧན་གྱིས་ངོ་སྤྲོད་བྱས།

    ཟོག་འགྲུལ་མཁོ་སྤྲོད་འཁོར་འབྲེལ་མཉམ་འདྲེས་མགྱོགས་མྱུར་ཐུབ་ནས་ལས་འབོར་སྟོན་གྲངས་རྒྱ་སྐྱེད་བར་མཚམས་སུ་གནས་ཤིང་། ཧུའུ་ཧན་གྱིས་ངོ་སྤྲོད་བྱས་དོན། དབྱར་ཁ་ཤར་ཚུན། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་སྔ་མ་དང་ཕྱི་མ་འབྲེལ་མཐུད་དེ་བས་མཐུན་སྦྱོར་བྱུང་ནས་ཐོན་ལས་ཟོག་འགྲུལ་གྱི་དགོས་མཁོ་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་པ་དང་། དམངས་འཚོའི་ཁྱབ་ཁོངས་ཟོག་འགྲུལ་གྱི་དགོས་མཁོ་འཕར་བརྟན་པོ་བྱུང་ནས། ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་སྐྲུན་དང་། གློག་རྡུལ་ལྷུ་ལག་བཟོ་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ཆས་བཟོ་སྐྲུན་སོགས་བཟོ་སྐྲུན་ལས་རིགས་ཀྱི་ཟོག་འགྲུལ་གྱི་དགོས་མཁོ་འཕར་ཚད་ཅུང་ཆེ་ཙམ་རྒྱུན་འཁྱོངས་ཐུབ་ཡོད། ས་ཁུལ་དབྱེ་ནས་བལྟས་ན། རང་རྒྱལ་གྱི་ཤར་དབུས་ནུབ་རྒྱུད་ས་ཁུལ་དོ་སྙོམས་བསྐྱར་འཕར་བྱུང་བ་དང་། ཤར་རྒྱུད་ས་ཁུལ་དང་། དབུས་རྒྱུད་ས་ཁུལ། ནུབ་རྒྱུད་ས་ཁུལ་བཅས་ཀྱི་ཟོག་འགྲུལ་ལས་འབོར་གྱི་སྟོན་གྲངས་ཟླ་བསྡུར་ལས་བརྒྱ་ཆའི་གྲངས་0.4དང་། 0.7 0.5བཅས་སོ་སོར་འཕར་ཡོད་པ་རེད།

    མངགས་ཐོ་གསར་པའི་སྟོན་གྲངས་བསྐྱར་འཕར་བྱུང་ཞིང་། མངགས་ཐོ་གསར་པའི་སྟོན་གྲངས་50.2%ཟིན་པ་དེ་ཟླ་བསྡུར་ལས་བརྒྱ་ཆའི་གྲངས་0.4བསྐྱར་འཕར་བྱུང་བ་དང་། ཤར་རྒྱུད་ས་ཁུལ་དང་། དབུས་རྒྱུད་ས་ཁུལ། ནུབ་རྒྱུད་ས་ཁུལ་བཅས་ཀྱི་མངགས་ཐོ་གསར་པའི་སྟོན་གྲངས་བརྒྱ་ཆའི་གྲངས་0.3དང་། 0.5 0.2བཅས་སོ་སོར་འཕར་བ་དང་། དེའི་ནང་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་མངགས་ཐོ་གསར་པའི་སྟོན་གྲངས་རྒྱ་སྐྱེད་བར་མཚམས་སུ་བསྐྱར་འཕར་བྱུང་ཡོད་པ་རེད།

    ཁྲོམ་རའི་སྔོན་དཔག་རྒྱུན་མཐུད་རྒྱ་སྐྱེད་རྣམ་པ་མངོན་ཞིང་། ཧུའུ་ཧན་གྱིས་ངོ་སྤྲོད་བྱས་དོན། ཁེ་ལས་ཀྱི་ལོ་སྟོད་ཁྲོམ་རའི་སྔོན་དཔག་ལེགས་སུ་འགྲོ་བའི་རྣམ་པ་མངོན་ནས་ལས་སྒོའི་བྱེད་སྒོའི་སྔོན་དཔག་སྟོན་གྲངས་55.9%ཟིན་ཏེ་མུ་མཐུད་འཕར་ཚུལ་ལེགས་པའི་བར་མཚམས་སུ་གནས་པ་དང་། དེའི་ནང་ལྕགས་ལམ་སྐྱེལ་འདྲེན་ལས་རིགས་དང་། འགྲོ་ལམ་སྐྱེལ་འདྲེན་ལས་རིགས། སྦྲག་སྲིད་མྱུར་སྐྱེལ་ལས་རིགས། མཉམ་འདྲེན་སྣ་མང་ཁྱབ་ཁོངས་སོགས་ཀྱི་ལས་སྒོའི་བྱེད་སྒོའི་སྔོན་དཔག་སྟོན་གྲངས་ཟླ་བསྡུར་ལས་བསྐྱར་འཕར་བྱུང་ཡོད་པ་རེད།

    ཀྲུང་གོ་ཟོག་འགྲུལ་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཡུས་ཧང་གིས་ངོས་འཛིན་བྱས་དོན། ཟླ་5པར། ཐོན་ལས་ཀྱི་ཟོག་འགྲུལ་དགོས་མཁོ་མགྱོགས་མྱུར་འཕར་བ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ཟོག་འགྲུལ་དགོས་མཁོ་འཕར་ཚུལ་བརྟན་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་སྔ་མ་དང་ཕྱི་མ་འབྲེད་མཐུད་གང་ལེགས་ཐུབ་པ་དང་མཐུན་སྦྱོར་མགྱོགས་མྱུར་ཐུབ་པ་བཅས་བྱུང་ནས། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་གསུམ་ལས་དོ་སྙོམས་བསྐྱར་འཕར་གྱི་རྣམ་པ་མངོན་ཡོད། ཕྲ་མཐོང་བྱེད་པོའི་གསོན་ཤུགས་ཅུང་ཡག་པོ་འཕེལ་ནས། ཁེ་ལས་ཀྱི་སྒྲིག་ཆས་སྤྱོད་ཚད་ཀྱི་སྟོན་གྲངས་དང་མ་དངུལ་འཁོར་རྒྱུག་བྱེད་ཚད་ཀྱི་སྟོན་གྲངས་སོགས་གཉེར་སྐྱོང་དམིགས་ཚད་ལེགས་སུ་ཕྱིན་པ་དང་། གཙོ་གཉེར་ལས་སྒོའི་ཁེ་སྤོགས་ཀྱི་སྟོན་གྲངས་ཟླ་བསྡུར་དང་གཅིག་མཚུངས་བྱུང་ནས་ཁེ་ལས་སྤྱིའི་ཆ་ནས་མཉེན་གཤིས་གཉེར་སྐྱོང་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།