དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་དྲ་ཐོག་ཁྲལ་སློག་ཚོང་ཁང་ཐོག་མ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-09

     ཉེ་ཆར། པེ་ཅིང་དུ་རྒྱལ་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་དྲ་ཐོག་ཁྲལ་སློག་ཚོང་ཁང་ཐོག་མ་བཙུགས་ཤིང་། རྒྱལ་ཁོངས་ཕྱིའི་འགྲུལ་པས་ཅིང་ཏུང་ཉེར་སྤྱོད་བྱ་རིམ་ནས“ཁོངས་གྲོལ་ཁྲལ་སློག”ཅེས་པའི་ཆེད་སྦྱར་མཚོན་རྟགས་འཁོད་པའི་ཚོང་ཟོག་འདེམས་ཉོ་བྱེད་ཆོག་པ་དང་། ཚོང་ཟོག་ཉོ་སྐབས་དྲ་ཐོག་ནས་ལག་ཁྱེར་གྱི་ཨང་གྲངས་དང་ཁོངས་འཛུལ་དུས་ཚོད་སོགས་འབྲེལ་ཡོད་ཆ་འཕྲིན་བརྒྱངས་རྗེས། མ་ལག་གིས་རང་འགུལ་ངང་གློག་རྡུལ་གྱི་ཁྲལ་སློག་རེ་ཞུའི་འཛིན་ཤོག་བཟོ་ཡི་ཡོད་པ་རེད།

    ད་ཐེངས་ཀྱི་ས་ཁོངས་སྒྲོལ་བའི་དྲ་ཐོག་ཁྲལ་སློག་ཚོང་ཁང་ནི་པེ་ཅིང་གྲོང་ཁྱེར་ཁྲལ་དོན་ཅུས་དང་ཚོང་དོན་ཅུས་སོགས་སྡེ་ཚན་གྱིས་ཅིང་ཏུང་ཚོགས་པ་དང་མཉམ་དུ་གསར་སྤེལ་བྱས་ནས་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་ས་ཁོངས་སྒྲོལ་བའི་ཁྲལ་སློག་སྲིད་ཇུས་དོན་འཁྱོལ་དང་དྲ་ཐོག་འཛད་སྤྱོད་ཀྱི་ཁྲལ་སློག་དཀའ་གནད་སེལ་བའི་གསར་གཏོད་ཀྱི་བྱེད་ཐབས་ཤིག་རེད། བྱེད་སྟངས་དེས་ཁྲལ་སློག་འཛད་སྤྱོད་ཀྱི་ས་ཁོངས་དང་། ཡུལ་རྣམ། དུས་ཚོད་བཅས་ཀྱི་ཚད་བཀག་མེད་པར་བཟོས་ཤིང་། རྒྱལ་ཁོངས་ཕྱིའི་འགྲུལ་པས་ཀྲུང་གོའི་མངའ་ཁོངས་སུ་ལག་ཐོགས་ཁ་པར་ནས་ཁྲལ་སློག་ཚོང་ཟོག་ག་དུས་ཉོས་ཉོས་ཡིན་པ་དང་། ཁྲལ་སློག་འཛིན་ཤོག་དྲ་ཐོག་ནས་རང་འགུལ་ངང་བཟོ་བ་དེས་ལས་གཉེར་བརྒྱུད་རིམ་སྟབས་བདེ་དང་ཉོ་སྒྲུབ་ཀྱི་ཉམས་ལེན་ལེགས་སུ་སོང་ཡོད།

    ངོ་སྤྲོད་བྱས་པ་ལྟར་ན། ད་ལྟའི་ཆར་ཅིང་ཏུང་གི་ས་ཁོངས་སྒྲོལ་བའི་དྲ་ཐོག་ཁྲལ་སློག་ཚོང་ཁང་ནས་ལག་ཐོགས་ཁ་པར་གྱི་འཕྲིན་གཏོང་དང་། གྲངས་འཛིན། གློག་ཀླད། འཚོ་བའི་གློག་ཆས་སོགས་རིགས་ཆེན་པོ་6གི་ཁྲལ་སློག་ཚོང་ཟོག་རིགས་ཆུང་གྲས་300ཙམ་བཏོན་ཞིང་། དེའི་ནང་རྒྱལ་སྤྱིའི་ཚོང་རྟགས་གྲགས་ཅན་དང་དགའ་བསུ་ཐོབ་པའི་རང་རྒྱལ་གྱི་དར་སྲོལ་ཆེ་བའི་ཚོང་ཟོག་ཚུད་ཡོད།

    པེ་ཅིང་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། གོམ་སྟབས་རྗེས་མར་བྱེད་ཐབས་སྣ་མང་ལ་བརྟེན་ནས་ས་ཁོངས་སྒྲོལ་བའི་ཁྲལ་སློག་སྲིད་ཇུས་ལས་རྒྱུན་མཐུད་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། ཁྲལ་སློག་ཤོག་མེད་ཅན་གྱི་ལས་གཉེར་ལ་སྐུལ་སྤེལ་ཧུར་ཐག་གཏོང་བ། ཁྲལ་སློག་རེ་ཞུའི་ཡི་གེ་དང་སྤ་སེ་དྲ་ཐོག་ནས་གཏན་འཁེལ་དང་དྲ་ཐོག་ནས་ཁྲལ་སློག་མགྱོགས་མྱུར་བྱེད་པ། འགྲུལ་པར་ཤོག་བུའི་འཛིན་ཡིག་མི་དགོས་པར་བརྒྱུད་རིམ་ཡོངས་ཀྱི་ཁྲལ་སློག་ཐུབ་པ་བཅས་བྱ་རྒྱུ་མ་ཟད། “ཉོས་མ་ཐག་སློག་པར”རྒྱལ་ཡོངས་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཕྱིའི་འགྲུལ་པར་ཁྲལ་སློག་གི་བརྒྱུད་རིམ་དེ་བས་སྟབས་བདེ་རུ་གཏོང་གི་ཡིན་ཞེས།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།