“2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·པེ་ཅིང”བྱེད་སྒོ་སྤེལ་བ།
ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་བྱེད་པ།

འདི་ནི“2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·པེ་ཅིང”གི་བྱེད་སྒོ་སྤེལ་རིང་། སེ་ནེ་ཀལ་ཏ་ཁར་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་པུའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་པུའི་གཙོ་འགན་འཁུར་མཁན་ཁཱ་ཝ་ལུའེ·ཀའེ་དབྱི·སྨི་ཀེར(གཡས)གྱིས་དང་བླངས་པའི་མཛུབ་ཁྲིད་འོག་ཡིག་གཟུགས་འབྲི་བཞིན་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པའི“2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·པེ་ཅིང”བྱེད་སྒོ་ཉེ་ཆར་པེ་ཅིང་དུ་སྤེལ་ཞིང་། མོ་རོ་ཁོ་དང་། སེ་ཧྲེར། ཐུ་ནི་སི། སེ་ནེ་ཀལ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་6གི་ཧྲི་ཀྲང་དང་གྲོང་ཁྱེར་གྱི་འཐུས་མི་30ལྷག་ཙམ་དང་དེ་བཞིན་འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཁག་གཅིག་བཅས་ཞུགས་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས“ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་མཐུད་རྒྱུར”དམིགས་ནས་སྤེལ་རེས་དང་མཉམ་འགུལ་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་དང་གྲོང་ཁྱེར་དབར་གྱི་མཉམ་ལས་འཕེལ་རྒྱས་ལམ་བུ་མཉམ་དུ་འཚོལ་ཞིབ་བྱས་པ་རེད།
“མི་ཆོས་རིག་གནས་སྤེལ་རེས་བྱ་རྒྱུ་དེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་གནས་བབ་གལ་ཆེན་དུ་འཇོག་དགོས”
2026ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། ཕྱོགས་གཉིས་པོས་མཉམ་དུ་གཏན་འཁེལ་བྱས་པའི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ལོ”ཞིག་ཀྱང་རེད། ད་ཐེངས་ཀྱི་བྱེད་སྒོར་ཞུགས་མཁན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཧྲི་ཀྲང་དང་འཐུས་མི་མང་པོ་ཞིག་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁ་ལོ་སྒྱུར་མཁན་དང་ཤེས་དཔལ་དབར་གླེང་མོལ་ལག་ལེན་བསྟར་མཁན་ཤ་སྟག་རེད། དུས་ཡུན་ཉིན་གཉིས་ནང་། སྐུ་མགྲོན་ཚོས་ཤེས་དཔལ་སྤེལ་རེས་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་ཡོང་བ་བཅས་ལ་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པར་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
སེ་ནེ་ཀལ་ཅི་ཅིན་ཧྲའོ་ཨེར་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཧ་ཅི·སར·ཧྥེ་ཡེ་ཡིས“སྤེལ་རེས་དང་མཉམ་འགུལ་བྱེད་པ་ཚང་མ་ནི་ཤེས་རྟོགས་མ་ཐུབ་པའི་བཀག་རྒྱ་ལས་སྒྲོལ་བའི་རྒྱལ་ཁ་ཞིག་རེད”ཅེས་བརྗོད་པ་དང་། ཁོང་གིས། གྲོང་ཁྱེར་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་མཛའ་གྲོགས་ལ་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་ཞིག་ཏུ་འགྱུར་དགོས་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པའི་ཚད་གཞིའི་འགག་གནད་ཅིག་ཀྱང་རེད། “མི་ཆོས་རིག་གནས་སྤེལ་རེས་དེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་གནས་བབ་གལ་ཆེན་དུ་འཇོག་དགོས། གང་ལགས་ཤེ་ན། རིག་གནས་ནི་ཞི་བདེའི་གཞི་རྟེན་ཡིན་པ་དེས་ཕྱོགས་ཞེན་གྱི་ལྟ་ཚུལ་དང་འགལ་ཟླ་སེལ་བ་དང་། བསམ་ཤེས་ཟབ་ཏུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པས་རེད”ཅེས་བརྗོད།
“གཞོན་ནུའི་དབར་འབྲེལ་ཐག་དམ་དུ་གཏོང་བ་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མི་རབས་ནས་མི་རབས་དབར་གྱི་འབྲེལ་ལམ་བཟང་པོའི་རྨང་གཞི་བརྟན་དུ་གཏོང་བ་ཞིག་རེད”
2026ལོའི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོའི”སྤུས་རྟགས་བྱེད་སྒོའི་གསལ་ཐོའི་ནང་། “གཞོན་ནུ་སྣེ་འཁྲིད་པའི”ལེ་ཚན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུའི་དབར་སྤེལ་རེས་བྱ་རྒྱུར་དམིགས་ཡོད། ཟླ་6ཚེས་3ཉིན། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས“གཞོན་ནུའི་འབོད་སྒྲ་དང་གྲོང་ཁྱེར་གྱི་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གྲལ་སྒོར་གླེང་མོལ་བྱས་པས། གཞོན་ནུའི་སློབ་གསོ་དང་གླེང་མོལ་ནི་བསམ་ཤེས་ཟབ་ཏུ་གཏོང་བ་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
མིག་སྔར། ལུའུ་པན་བཟོ་ཁང་དང“འབྱུང་འགྱུར་གྱི་ཨ་ཧྥེ་རི་ཁ་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་ལས་རིགས་སློབ་གསོའི་མཉམ་ལས་འཆར་གཞི”སོགས་རྣམ་གྲངས་ལག་ལེན་བསྟར་བ་ནི་གྲངས་འཛིན་ལག་རྩལ་དང་། འཕྲུལ་ཆས་བཟོ་སྐྲུན། རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་སོགས་ལ་དམིགས་ནས། ཨ་ཧྥེ་རི་ཁའི་གཞོན་ནུ་ཚོར་དངོས་སྦྱོང་རྩལ་ནུས་གསོ་སྦྱོང་བྱས་ཏེ། ཨ་ཧྥེ་རི་ཁའི་ས་གནས་ཀྱི་བཟོ་ལས་ཅན་འཕེལ་རྒྱས་ཀྱི་དགོས་མཁོར་འཚམ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུའི་དབར་སྤེལ་རེས་དང་ཤེས་ལྡན་པ་གསོ་སྐྱོང་ལ་ལས་སྟེགས་སྤུས་རྟགས་ཤིག་གཏོད་ཆེད་ཡིན་པ་རེད།
“འབྱུང་འགྱུར་ན་གཞོན་མི་རབས་ཚོས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་བྱེད་དགོས། གཞོན་ནུ་ཚོར་འབྲེལ་ཟམ་འཛུགས་པ་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་དེ་བས་རྒྱུན་སྲིང་གི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་རེད”ཅེས་ཧྥེ་ཡེ་ཡིས་བརྗོད་ཅིང་། ཁོང་གིས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་གྲོང་ཁྱེར་གྱི་དྲ་རྒྱ་རྒྱ་ཆེར་བཏང་ནས་གཞོན་ནུ་མཁས་དབང་དང་། སྒྱུ་རྩལ་མཁས་ཅན། ཁེ་ལས་མཁས་ཅན་སོགས་དབར་སྤེལ་རེས་དང་འགྲོ་འོང་ལ་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་གཉིས་པོའི་གཞོན་ནུ་ཚོས་རྣམ་གྲངས་མཉམ་སྐྲུན་དང་ལག་གདང་སྦྲེལ་ནས་ཕུགས་འདུན་གཉེར་རིང་ཕན་ཚུན་ཤེས་རྟོགས་ཡོང་བར་བྱེད་དགོས་ཞེས་བརྗོད།
“དཔལ་འབྱོར་ཚོང་དོན་དང་། མཛའ་གྲོགས་གྲོང་ཁྱེར་དབར་གྱི་སྤེལ་རེས། ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་དགོས”
མཉམ་ལས་ཡོང་ཐབས་བྱེད་པ་ནི་བྱེད་སྒོ་སྤེལ་རིང་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འཐུས་མི་མང་པོས་དོ་ཁུར་བྱེད་པའི་གྲོས་གཞི་གལ་ཆེན་གྱི་གྲས་ཤིག་རེད།
མོ་རོ་ཁོའི་ཧྥེ་སི་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལེ་པར་ཀྲུང་གོར་འཚམས་འདྲི་ཡོང་ཐེངས་གསུམ་པ་ཡིན་ཞིང་། “ཀྲུང་གོར་འཚམས་འདྲིར་ཡོང་རིམ་བཞིན་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ངོས་འཛིན་གསར་པ་ཡོང་གི་འདུག”ཅེས་ལེ་པར་གྱིས་བཤད་པ་དང་། ཁོང་གིས། མོ་རོ་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་བཏང་བ་དང་། ཀྲུང་གོའི་ཁེ་ལས་དེ་བས་མང་བ་མོ་རོ་ཁོར་མ་འཇོག་བྱེད་པར་བསྐྱོད་དེ་ས་གནས་དེ་གར་གོ་སྐབས་གསར་པ་བསྐྲུན་ཡོད། “ཧྥེ་སི་ནི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་གནའ་གྲོང་ཞིག་ཡིན་པས་ཡུལ་སྐོར་ལས་རིགས་ཀྱི་རྨང་གཞི་བརྟན་པོ་ཡོད། ང་ཚོས་ཀྲུང་གོའི་གྲོང་ཁྱེར་དང་དཔལ་འབྱོར་ཚོང་དོན་དང་། མཛའ་གྲོགས་གྲོང་ཁྱེར་དབར་གྱི་སྤེལ་རེས། ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱིས་ཕན་ཚུན་དེ་བས་རྒྱུས་ལོན་ཐུབ་པ་དང་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།
ད་ལོའི་ཟླ་5ཚེས་1ཉིན་ནས་བཟུང་། ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཚོགས་ཞུགས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འཐུས་མི་ཚོས་བྱེད་ཐབས་དེ་ལས་ཧྥེ་ཀྲུང་གི་དཔལ་འབྱོར་ཚོང་དོན་ལ་ཐོབ་པའི་ཕན་པའི་སྐོར་ལ་གཅིག་རྗེས་གཉིས་མཐུད་ངང་གྲོས་བསྡུར་འཁྲུག་པོ་བྱས་པ་རེད། སེ་ནེ་ཀལ་ཏ་ཁར་གྲོང་ཁྱེར་གྱི་ཧྲི་ཀྲང་ཏི་ཝུའུ་ཧྥུའུ་ཡིས“ཧྥེ་ཀྲུང་དབར་གྱི་གཉིས་ཕན་མཉམ་ལས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བས་ཕན་ཚུན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་ཡོད། ང་ཚོས་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་མཁས་ཅན་དེ་བས་མང་བ་སེ་ནེ་ཀལ་དུ་མ་འཇོག་ལས་དར་ལ་དགའ་བསུ་ཞུ་གི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།