དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཤང་ཀང་དང་ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཁྱབ་ཁོངས་མང་པོའི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-09

    ཐ་ཧྲི་ཀན་ནས་གནས་ཚུལ་འབྱོར་བ་ལྟར་ན། ཀྲུང་གོའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ཡིས་ཟླ་6ཚེས་3ནས་5ཉིན་བར་ཚོང་དོན་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཨུ་ཟ་བྷེ་ཁི་སི་ཐན་དུ་འཚམས་འདྲི་གནང་ནས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་དང་། ཙུང་ལི་ཨ་ལི་པོ་ཧྥུའུ། ཕྱི་འབྲེལ་པུའུ་ཀྲང་སའེ་དབྱི་ཏུའོ་ཧྥུའུ་བཅས་དང་མཇལ་འཕྲད་གནང་བ་དང་། ཕྱོགས་གཉིས་པོས་དྲན་ཐོ་དང་གྲོས་མཐུན་ཁག་35བཞག་པའི་ནང་དཔལ་འབྱོར་ཚོང་དོན་དང་། མ་འཇོག དངུལ་རྩ། ཚན་རྩལ། མཁའ་འགྲུལ་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།

    སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་གྲོས་མོལ་གནང་སྐབས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ས་ཁུལ་ཁག་དང་ཤང་ཀང་གི་ད་ཡོད་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ལ། ཤང་ཀང་ཚོང་དོན་འཐུས་མི་ཚོགས་པས་ད་ཐེངས་ཀྱི་འཚམས་འདྲིས་དམིགས་ཚད་དེ་མངོན་འགྱུར་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་དང་། སའེ་དབྱི་ཏུའོ་ཧྥུའུ་ཡིས། རྒྱལ་སྤྱིའི་དངུལ་རྩ་དང་ཚོང་ལས་ལྟེ་གནས་ཡིན་པའི་ཤང་ཀང་ལ་དམིགས་བསལ་གྱི་ཉམས་མྱོང་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པས་ཨུ་ཟ་བྷེ་ཁི་སི་ཐན་གྱིས་དཔལ་འབྱོར་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་སྔོན་ཐོན་ཚན་རྩལ་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་བའི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།

    ལི་ཅ་ཁྲའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཨུ་ཟ་བྷེ་ཁི་སི་ཐན་སྲིད་གཞུང་གིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་འཛུགས་རྒྱུའི་མོས་མཐུན་བྱས་ཡོད། ཤང་ཀང་གིས་ཨུ་ཟ་བྷེ་ཁི་སི་ཐན་དང་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་གྲོས་མཐུན་གྱི་མ་ཟིན་ལ་མིང་རྟགས་བཀོད་དེ་ས་གནས་གཉིས་པོའི་མཁའ་འགྲུལ་ཀུང་སིས་མཁའ་འགྲུལ་གྱི་དབང་ཆ་སྤྱད་དེ་མཁའ་ལམ་བཀོད་སྒྲིག་བྱེད་ཆོག ཤང་ཀང་གིས་ཨུ་ཟ་བྷེ་ཁི་སི་ཐན་དང་ཕན་ཚུན་ཐོངས་མཆན་འགོད་མི་དགོས་པའི་དུས་ཡུན་ཉིན་30བར་རིང་དུ་གཏོང་བར་མོས་མཐུན་བྱས་པས། མི་དམངས་དབར་འགྲོ་འོང་སྟབས་བདེ་རུ་ཕྱིན་ཡོད། ཤང་ཀང་གནའ་བོའི་ཕོ་བྲང་རིག་གནས་རྟེན་མཛོད་ཁང་གིས་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་ལོ་རྒྱུས་རྟེན་མཛོད་ཁང་དང་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་དང་འབྱུང་འགྱུར་ས་གནས་གཉིས་པོས་མཉམ་དུ་འགྲེམ་སྟོན་གཉེར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།