མཚོ་སྔོན་གྱིས་2026ལོའི་སྤྱི་ཁྱབ་ཆུ་དཔོན་མཚོ་དཔོན་གྱི་བཀའ་རྒྱ་ཨང་དང་པོ་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་23ཉིན། མཚོ་སྔོན་གྱིས་2026ལོའི་སྤྱི་ཁྱབ་ཆུ་དཔོན་མཚོ་དཔོན་གྱི་བཀའ་རྒྱ་ཨང་དང་པོ་བཏང་བའི་ནང་། ཞིང་ཆེན་ཡོངས་སུ་ཆུ་བོ་དང་མཚོ་མོ་ཆུ་མཛོད་གསུམ་གྱི་རྒྱང་ཚོར་ཁྲ་རིས་ཞིབ་བཤེར་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་ནས་གཙང་གསུམ་ཆུ་འགོའི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་སྐྱེ་ཁམས་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་གིས་དུས་བདེ་ཞོད་འཇགས་ཀྱི་གཙང་པོ་དང་། ཚེ་སྲོག་གི་གཙང་པོ། བདེ་སྐྱིད་ལྡན་པའི་གཙང་པོ་བཅས་བསྐྲུན་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་ཡོད་པ་རེད།
སྤྱི་ཁྱབ་ཆུ་དཔོན་མཚོ་དཔོན་གྱི་བཀའ་རྒྱའི་ནང་ཁ་གསལ་བསྟན་དོན། མཐུན་སྦྱོར་དང་ནུས་ཆེའི་བཅོས་སྒྲིག་ལས་དོན་གྱི་མ་ལག་འཛུགས་པ་དང་། སྐབས་བརྗེའི་རྗེས་ཀྱི་ལས་དོན་རྩིས་སྤྲོད་རྩིས་ལེན་དང་འགན་འཁྲི་རིམ་གསབ་ལ་ཤུགས་སྣོན་རྒྱག་པ། གསར་དུ་བསྐོ་གཞག་བྱས་པའི་ཆུ་དཔོན་མཚོ་དཔོན་གྱི་འགན་སྒྲུབ་གསོ་སྦྱོང་རིམ་པ་དབྱེ་ནས་སྤེལ་བ་བཅས་བྱས་ཏེ། འགན་འཁྲི་རྩིས་སྤྲོད་རྩིས་ལེན་ཡག་པོ་བྱས་ནས་འགན་འཁྲི་ཡག་པོ་བསྒྲུབ་རྒྱུའི་འགན་ལེན་བྱེད་དགོས། རིམ་ཁག་ཆུ་དཔོན་མཚོ་དཔོན་དང་དེ་བཞིན་ཆུ་དཔོན་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་ལས་བགོས་མཉམ་སྒྲུབ་དང་སྤྱི་འདོམས་སྐུལ་འདེད་བཏང་ནས། བཅོས་སྒྲིག་ལས་འགན་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག སྡེ་ཚན་མཉམ་འགུལ་གྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཆུ་བེད་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་དང་གྲོང་གསེབ། ནགས་ཚལ་དང་རྩྭ་ཐང་། སྡོད་ཁང་འཛུགས་སྐྲུན། རིག་གནས་ཡུལ་སྐོར། ནུས་རྒྱུ་སོགས་སྡེ་ཚན་གྱིས་མཉམ་དུ་ཤུགས་བརྒྱབ་སྟེ། ཆུ་བོ་དང་མཚོ་མོ་ཆུ་མཛོད་གསུམ་དོ་དམ་ཁྱབ་ཁོངས་ནང་གི་འབྲེལ་ཡོད་སྒྲིག་བཀོད་ཁྲ་རིས་ཞིབ་བཤེར་བཅོས་སྒྲིག་བྱ་རྒྱུར་ཁྱབ་ཁོངས་དབྱེ་ནས་སྐུལ་འདེད་གཏོང་དགོས། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྒྱུར་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཆུ་མཚོ་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། ཆུ་བོ་དང་མཚོ་མོའི་སྐྱེ་ཁམས་བདེ་འཇགས་དང་དོ་དམ་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
ཤྭ་འོད་རྒྱུག་སའི་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ཀྱི་དམིགས་ཚད་གཉིས་ལ་དམིགས་ནས། ཞིང་ཆེན་ཡོངས་སུ་རིགས་དབྱེ་བཅོས་སྒྲིག་བྱས་ཏེ་དུས་བཀག་ནང་གཙང་སེལ་བྱ་རྒྱུ་ཡིན་པ། སྤྱིར་བཏང་རང་བཞིན་གྱི་གནད་དོན་ཡིན་ན་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་དགོས་པ་དང་། གཙོ་གནད་དང་དཀའ་གནད་དུ་གྱུར་པའི་གནད་དོན་ཡིན་ན་རྩིས་ཐོ་དོ་དམ་དང་ཐོ་བསུབ་སྐུལ་འདེད་བཏང་ནས་གཙོ་གནད་ས་ཁོངས་དང་གཙོ་གནད་ཁྱབ་ཁོངས་ཀྱི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱེད་དགོས། འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨ་ཆུ་དང་། ཙོང་ཆུ། འཇུ་ལག་ཆུ་བོ། རོང་བོ་དགུ་ཆུ། མཚོ་སྔོན་པོ་སོགས་ཀྱི་འབབ་རྒྱུད་གཙོ་བོར་དམིགས་ནས། འབབ་རྒྱུད་སྲུང་སྐྱོང་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་། ཆུ་མཚོ་དང་འབྲེལ་བའི་རྣམ་གྲངས་ཀྱི་མཆན་འགོད་ལྟ་འདོམས་ཚད་ལྡན་དུ་བཏང་ནས། གསར་དུ་ཐོན་པའི་གནད་དོན་ལ“ཞིབ་བཤེར་དང་། ངོས་ལེན། དག་ཐེར། ཆད་གཅོད”བཅས་བྱས་ཏེ་ཐར་པར་གཏན་ནས་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། འཕར་འབོར་གནད་དོན་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། ཕུགས་ཕན་བཅོས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཆུ་མཚོ་དོ་དམ་ཁྱབ་ཁོངས་བསྐྱར་ཞིབ་བཟོ་བཅོས་རྒྱག་པ། “ཆུ་བོ་རེར(མཚོ་དང་ཆུ་མཛོད)ཐབས་ཇུས་རེའི”བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཆུ་བོ་དང་མཚོ་མོའི་ཁོར་ཡུག་ལ་མུ་མཐུད་གདེང་འཇོག་བྱེད་དགོས། ཆུ་བོ་དང་མཚོ་མོ་ཆུ་མཛོད་གསུམ་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ཤེས་ཚོར་མ་ལག་མགྱོགས་མྱུར་བཙུགས་ནས་གནད་དོན་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བཀག་འགོག སྔ་ཙམ་ཐག་གཅོད་བཅས་ཐུབ་པར་བྱེད་དགོས།
ཞིང་ཆེན་ཡོངས་ཀྱིས་རྒྱང་ཚོར་ཁྲ་རིས་བཅོས་སྒྲིག་བྱ་རྒྱུ་དེ་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ནང་བཅུག་ནས་ལས་བྱེད་པར་ཕྱོགས་བསྡུས་གདེང་འཇོག་བྱེད་པ་དང་བྱ་དགའ་ཆད་གཅོད་དང་གོ་གནས་བསྐོ་འཐེན་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཏེ། ལས་ཀ་ཡག་པོ་མ་བྱུང་བ་དང་གནད་དོན་མངོན་གསལ་དོད་རིགས་ལ་འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱ་རྒྱུ། དེ་དང་ཆབས་ཅིག སྤྱི་དམངས་ཀྱི་ལྟ་སྐུལ་ཐབས་ལམ་རྒྱ་ཆེར་བཏང་ནས་གཞི་རིམ་གྱི་ཆུ་མཚོ་དོ་དམ་སྲུང་སྐྱོང་པ་དང་། རྟ་ཐོག་ཆུ་དཔོན་མཚོ་དཔོན། དམངས་ཁྲོད་སྐོར་སྲུང་དཔུང་ཁག་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་མཉམ་བདག་མཉམ་བཅོས་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་རྣམ་པ་བཟང་པོ་བཏོད་དེ། བྱ་སྤྱོད་ཏན་ཏིག་ལ་བརྟེན་ནས་ཆུ་མཚོའི་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཚོ་སྔོན་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།