རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་དང་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷས་ལྐོག་རྔན་བླངས་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་5ཉིན། ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོའི་འདྲི་གཅོད་དང་པོས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་དང་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷས་ལྐོག་རྔན་བླངས་པའི་གྱོད་གཞིའི་བཅད་ཁྲ་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་ཏེ། ལྐོག་རྔན་བླངས་པའི་ནག་ཉེས་ཀྱི་ཐོག་ནས་ཞུ་སྦྱོར་ཕྱི་མ་ཆེ་དགྲ་ལྷ་ཚེ་གང་བཙོན་འཇུག་བྱ་རྒྱུ་དང་ཚེ་གང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་། གྱོད་ཐོར་འཁོད་པའི་ཆེ་དགྲ་ལྷས་ལྐོག་རྔན་བླངས་པའི་རྒྱུ་ནོར་དང་དེའི་འཕེལ་སྐྱེད་བདའ་འདེད་བཏང་ནས་ཁྲིམས་ལྟར་རྒྱལ་མཛོད་ལ་རྩིས་འབུལ་ཞུ་རྒྱུ་དང་། ལྷག་མ་རྣམས་མུ་མཐུད་ནས་བདའ་འདེད་གཏོང་རྒྱུ་རེད།
འདྲི་ཞིབ་བྱས་ནས་རྩད་ཆོད་བྱུང་གསལ། 1999ལོ་ནས་2025ལོའི་བར། ཞུ་སྦྱོར་ཕྱི་མ་ཆེ་དགྲ་ལྷས་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཨུད་ཀྱི་རྒྱུན་ཨུ་དང་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་། བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི། བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲོའུ་ཀྲང་། བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི། ཡུན་ནན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ཨུ་དང་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སོགས་བྱེད་རིང་གོ་གནས་ཀྱི་སྟབས་བདེ་དང་དེ་བཞིན་འགན་དབང་དང་ཐོབ་ཐང་གི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ས་ཁང་གསར་སྤེལ་དང་། ལས་གྲྭ་འགན་གཙང་སྤྲོད་པ། སྲིད་འཛིན་ཞིབ་མཆན་འགོད་པ། གོ་གནས་སྤོར་བ་སོགས་ལ་རོགས་རམ་བྱས་པ་དང་། གོང་གསལ་ཚན་པ་དང་མི་སྒེར་གྱིས་སྤྲད་པའི་མི་དམངས་ཤོག་སྒོར་དུང་ཕྱུར་1.58ལྷག་ཙམ་རི་བའི་རྒྱུ་ནོར་ཁྲིམས་འགལ་ངང་བླངས་ཡོད།
ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་ཆེ་དགྲ་ལྷའི་བྱེད་སྤྱོད་ནི་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་ཞིག་ཡིན། ཆེ་དགྲ་ལྷས་ལྐོག་རྔན་བླངས་པའི་དངུལ་འབོར་ཧ་ཅང་མང་བ་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པས་ཁྲིམས་ལྟར་ཆད་པ་གཅོད་དགོས། ཡིན་ནའང་ཆེ་དགྲ་ལྷས་ལྐོག་རྔན་བླངས་པའི་ཉེས་པ་གསོག་སྐབས་ད་དུང་ཉེས་གསོག་ལམ་ལྷོངས་མ་བྱུང་བའི་གནས་ཚུལ་ཡོད་པ་མ་ཟད། ཁྲིམས་ལ་སྦྱར་རྗེས་ཁོ་པས་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་ནས་གྱོད་གཞི་སྒྲུབ་གཉེར་ལས་ཁུངས་ཀྱིས་རྩད་མ་ཆོད་པའི་ལྐོག་རྔན་བླངས་པའི་ནག་ཉེས་མང་པོ་ཞིག་རང་འགུལ་ངང་ངོས་ལེན་ཞུས་པ། མི་གཞན་གྱི་ཚབས་ཆེའི་ཉེས་གསོག་བྱེད་སྤྱོད་ཐེར་འདོན་བྱས་པ་དེ་ཞིབ་བཤེར་བྱས་རྗེས་འཛོལ་མེད་ར་འཕྲོད་བྱུང་ནས་བྱས་རྗེས་ཆེན་པོ་བཞག་པ། རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་དང་གྱོད་འབྲེལ་རྒྱུ་དངུལ་ཕྱིར་ཧུར་ཐག་སློག་པ། གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་དངོས་དང་དེའི་འཕེལ་སྐྱེད་མང་ཆེ་བ་བདའ་འདེད་བྱས་ཟིན་པར་བརྟེན། ཁྲིམས་བབ་གཉིས་ཀ་ནས་ཉེས་པ་ཆག་ཡང་གཏོང་བའི་གནས་ཚུལ་ལྡན་ཡོད་པས་ཁོ་པར་ཁྲིམས་ལྟར་ཆད་པ་ཡང་དུ་གཏོང་ཆོག་གི་ཡོད། ཁྲིམས་རས་གོང་གསལ་གྱི་དཔྱད་ཁྲ་རིམ་པ་བཞིན་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་2026ལོའི་ཟླ་3ཚེས་27ཉིན་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས་གྱོད་གཞི་འདིར་ཞིབ་གཅོད་བྱས་པ་རེད། ཁྲིམས་རར་འདྲི་གཅོད་བྱེད་རིང་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་ཆེ་དགྲ་ལྷ་དང་དེའི་དག་འབུད་པས་དཔང་སྒྲུབ་བྱས་པ། གཏུག་རྩོད་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་པ། ཆེ་དགྲ་ལྷས་མཐའ་མའི་གསལ་འདེབས་བྱས་པ་མ་ཟད། ཁྲིམས་རར་རང་ཉེས་ངོས་ལེན་ཞུས་པ་དང་འགྱོད་བཤགས་བྱས་པ་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ལས་རིགས་ཁག་གི་མང་ཚོགས་སོགས་མི་སུམ་ཅུ་ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།