མི་མེད་ལུང་སྟོང་དུ་སྐྱོད་པའི་ལམ་བར།
འཁྲབ་བྱའི་མི་སྣ་ཧྲའོ་ཡུན་ཧྥེ་ཡི་འཁྲབ་གཞུང་ལག་ཏུ་མ་འབྱོར་གོང་། ཁོང་ནི“ཞིང་ཆེན་ནས་རི་སྐོར་རུ་ཁག་ཏུ་བཅར་འདྲིར་སྐྱོད་མཁན་གྱི་གསར་འགོད་པ་ཞིག་ཡིན་པ་ལས”དེ་མིན་རྒྱུས་མངའ་གང་ཡང་མེད།
འཁྲབ་ཁྲིད་པ་ལི་ཞུའེ་དང་ཅི་འཕྲོས་མོལ་འཕྲོས་ཐེངས་དང་པོ་བྱས་རྗེས། གསར་འགོད་པ་དེར་རྒྱུས་མངའ་ལོན་འདོད་ཆེན་པོ་བྱུང་། ཁོང་མི་མེད་ལུང་སྟོང་དུ་འགྲོ་དགོས་དོན་དང་། མི་མེད་ལུང་སྟོང་དུ་ཇི་ལྟར་བསྐྱོད་པ། དེ་བཞིན་རི་སྐོར་རུ་ཁག་ཏུ་འགྲོ་དགོས་སོགས་དྲི་བ་དེ་དག་ནི་དུས་འགོའི་དཔྱད་གཞིའི་ཡིག་རིགས་ལ་ལྟ་སྐབས་ཤེས་འདོད་ཆེ་ཤོས་སུ་གྱུར།
དངོས་མཚོན་གློག་བརྙན《དོ་མཉམ》དང་། 《མཚོ་སྔོན·ང་ཚོའི་རྒྱལ་ཁབ་སྤྱི་གླིང》 《མདུན་སྐྱོད》 དེ་བཞིན་གློག་བརྙན《ཁུ་ཁུ་ཤིས་རི》བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་དེ་དག་ལས་ངས་མཚོ་སྔོན་དང་། གཙང་གསུམ་ཆུ་འགོ གཙོད་བཅས་ལ་སྲུང་སྐྱོང་བྱེད་པའི་སྐོར་ཤེས་རྟོགས་བྱུང་ལ་ལོ་མང་རིང་རི་སྐོར་རུ་མིས་སྐད་གྲགས་མེད་པར་ས་གཞི་འདིར་སྲུང་སྐྱོབ་བྱེད་བཞིན་ཡོད་པའང་ཤེས་བྱུང་། སྐབས་དེ་དུས་ཀྱི་གསར་འགོད་པ་ཞིག་ཡིན་པའི་ངས་ཟིན་ཐོར་འགོད་དགོས་པའི་ཀུན་སློང་དང་དོན་སྙིང་ཡང་རྙེད་བྱུང་།
འཁྲབ་གཞུང་ལག་ཏུ་འབྱོར་ནས་མཚོ་སྔོན་དུ་དངོས་སུ་སླེབས་རྗེས། ད་གཟོད་རང་ཉིད་ནས་གྲ་སྒྲིག་ཡག་པོ་བྱུང་མེད་པ་གཞི་ནས་ཚོར་བྱུང་། ས་བབ་མཐོ་ཞིང་གསོ་རླུང་དཀོན་པ་དང་ཁ་ཆར་བུ་ཡུག་འཚུབ་ནས་མིག་ཀྱང་གདངས་དཀའ་བའི་དུས་སུ་ངས་རང་ཉིད་ནི་ཅི་འདྲའི་ཉམས་ཆུང་བ་ཞིག་རེད་ཨང་བསམ་གྱི་འདུག་ལ་འཁྲབ་བྱའི་མི་སྣ་དང་གཞི་གཅིག་ཏུ་འགྱུར་བའི་སྣང་བ་ཡིད་ལ་འཆར་དུས་ང་རང་ནི་ཞིང་ཆེན་ནས་ཡོང་བའི་འདུན་པ་དང་། ཕུགས་བསམ། རེ་སྙེགས་བཅས་ཡོད་པའི་གསར་འགོད་པ་དེ་ཡིན་པའི་ཚོར་སྣང་ཡང་བྱུང་།
པར་ལེན་བྱ་ཡུལ་དུ་འཁྲབ་ཁྲིད་པ་ལི་ཞུའེ་ཡིས་འཁྲབ་གཞུང་ནང་བཀོད་མེད་པའི་ཆ་འཕྲིན་མང་པོ་ཞིག་བརྗོད་བྱུང་། དེ་དག་ཚང་མ་ལོ་འདི་དག་རིང་ཁོང་གིས་རི་སྐོར་གྱི་རུ་མིར་དངོས་སུ་བཅར་འདྲི་བྱས་པའི་གཏམ་རྒྱུད་དང་ཆ་འཕྲིན་ངོ་མ་ཤ་སྟག་རེད། གཏམ་རྒྱུད་དེ་དག་ལས་འཁྲབ་སྟོན་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་འདུག དེ་ཡང་བསམ་གཞིག་དང་རྒྱུས་ལོན་མང་པོ་བྱུང་རྗེས་ངས་རི་སྐོར་རུ་ཁག་དང་ཧྲའོ་ཡུན་ཧྥེའི་བསམ་ཚུལ་དེ་བས་ཤེས་རྟོགས་བྱུང་ལ། ངའི་སེམས་ནང་གི་འཁྲབ་བྱའི་མི་སྣའང་དེ་བས་ཁ་གསལ་དུ་ཕྱིན་སོང་།
གློག་བརྙན《བླ་ཤིང》བལྟས་ཚར་རྗེས་འཁྲབ་ཚན་དང་པོ་དེ་ངའི་སེམས་སུ་གསལ་ལེར་འཁོར་བྱུང་། དེ་ཉིན་ཚོགས་ཆུང་ཡོངས་ཀྱིས་དངོས་སུ་ལས་ཀ་བྱེད་ཐེངས་དང་པོ་ཡིན་པ་དང་དེ་ཉིན་རྒྱལ་ལམ་བཟོ་བ་དང་ཏག་ཏག་འཁེལ་བས་འཁྲབ་སྟོན་པ་ཚང་མ་ས་རྡོ་ལམ་ནས་མི་འགྲོ་ཀ་མེད་བྱུང་། ཀྱག་ཀྱོག་གི་ས་རྡོ་ལམ་དུ་ཆུ་ཚོད་ཁ་ཤས་བསྐྱོད་རྗེས་མི་མེད་ལུང་སྟོང་ང་ཚོའི་མིག་མདུན་དུ་དལ་གྱིས་མངོན། འཁྲུག་ཆེ་བའི་རླངས་འཁོར་ནང་སྐྱོད་སྐབས་ངའི་སེམས་སུ་གསར་འགོད་པ་ཁོང་ཡང་འདི་ལྟར་མི་མེད་ལུང་སྟོང་དུ་བསྐྱོད་ཡོད་ངེས་རེད། ཁོང་གིས་ཀྱང་ང་ཚོ་ནང་བཞིན་འགན་འཁྲི་དང་། རེ་སྒུག ཆོད་སེམས་བརྟན་པོ་བཅས་སེམས་ལ་བཅངས་པ་དང་། པར་ཆས་ལ་བརྟེན་ནས་ས་ཆ་འདིའི་གནས་ཚུལ་ཕྱི་རོལ་ཡུལ་དུ་ཤོད་འདོད་པའི་བསམ་པ་ཞིག་འཆང་བཞིན་སེམས་ཐག་གཙང་བཅད་ཀྱིས་རི་སྐོར་རུ་ཁག་ལ་ཞུགས་པ་རེད་བསམ་བྱུང་།
འབྲེལ་ཡོད་གསར་འགྱུར།