2026ལོའི“རྒྱུད་གཅིག་ལམ་གཅིག”གི་གནམ་གཤིས་འགྱུར་ལྡོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་ཞིབ་སྦྱོང་འཛིན་གྲྭ་ཧྥུའུ་ཅན་དུ་གཉེར་བ།

འདི་ནི་ཞིབ་སྦྱོང་འཛིན་གྲྭའི་སློབ་མས་ཆན་ལུའུ་མཚེའུ་འདམ་རའི་སྤྱི་གླིང་དུ་མཉམ་པར་རྒྱག་བཞིན་པ།

འདི་ནི་ཞིབ་སྦྱོང་འཛིན་གྲྭའི་སློབ་མས་ཏུང་ལིའུ་གྲོང་རྡལ་ཧོང་ཧྥང་གྲོང་ཚོར་ཉ་ཤའི་ལྟོ་ཆས་བཟོ་སྟངས་སྦྱོང་བཞིན་པ།

འདི་ནི་ཞིབ་སྦྱོང་འཛིན་གྲྭའི་སློབ་མས་ལེང་ཡེ་ཤན་སྨི་ཚན་རིག་ཁྱབ་གདལ་རྟེན་གཞིར་ནགས་ཁྲོད་སྦྲང་གསོའི་ལས་རིགས་ཀྱི་སྦྲང་ནོར་བུ་གསོ་སྟངས་ཤེས་རྟོགས་བྱེད་བཞིན་པ།
ཉེ་ཆར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དོ་དམ་ལས་བྱེད་པའི་སློབ་གླིང་གིས་གཉེར་འགན་ཁུར་བའི་ཕྱི་རྒྱལ་ལ་རོགས་སྐྱོར་ཀྲུང་གོའི་མི་ཤུགས་ཐོན་ཁུངས་གསར་སྤེལ་མཉམ་ལས་རྣམ་གྲངས་ཏེ། “རྒྱུད་གཅིག་ལམ་གཅིག”གི་གནམ་གཤིས་འགྱུར་ལྡོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་ཞིབ་སྦྱོང་འཛིན་གྲྭ་ཧྥུའུ་ཅན་ཝུའུ་ཕིང་དུ་གཉེར་ནས། དུས་ཡུན་ཉིན་གསུམ་གྱི་ས་གནས་ས་ཐོག་གི་སློབ་ཁྲིད་བྱེད་སྒོ་སྤེལ་བ་རེད། ཀམ་པི་ཡ་དང་། ལི་པི་ཡ། མར་ཏི་ཝེ། ཨ་ཀེན་ཐིན། ན་སྨི་པི་ཡ་སོགས་རྒྱལ་ཁབ་བརྒྱད་ཀྱི་སློབ་མས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གསར་གཏོད། ཐོན་ལས་དམངས་ཕྱུག ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་རྗེས་ཤུལ་ལ་བསྙེགས་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། སྐྱེ་ཁམས་བཅོས་སྐྱོང་། ནགས་གསེབ་དཔལ་འབྱོར་བཅས་དང་དེ་བཞིན་གྲོང་གསེབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཐད་ཀྱི་ཝུའུ་ཕིང་གི་གསོན་ཉམས་དོད་པའི་འཚོལ་ཞིབ་བྱེད་སྟངས་ལ་དབྱིངས་ཞུགས་རྣམ་པའི་རྟོག་ཞིབ་བྱས་ཏེ། ཀྲུང་གོའི་གཞི་རིམ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བའི་དངོས་སྒྲུབ་ཀྱི་བྱ་སྤྱོད་དང་དེ་བཞིན་ཏན་ཏིག་གི་ཕན་འབྲས་ཐག་ཉེ་ས་ནས་ཚོར་བར་བྱས་ཡོད།
ཞིབ་སྦྱོང་འཛིན་གྲྭས་ཁྱད་ལྡན་སྐྱེ་ཁམས་ཐོན་ལས་ལ་དམིགས་པ་དང་སློབ་མ་ཚོས་ལེང་ཡེ་ཤན་སྨི་ཚན་རིག་ཁྱབ་གདལ་རྟེན་གཞིར་བསྐྱོད་དེ་ལྟ་སྐོར་སློབ་སྦྱོང་བྱས་ཤིང་། རྟེན་གཞིས་ཝུའུ་ཕིང་གི་ནགས་ཚལ་སྟུག་པ་དང་དྲོད་འཇམ་བརླན་བཤེར་གྱི་རི་ཁུལ་གནམ་གཤིས་ལ་བརྟེན་ནས་ནགས་ཁྲོད་སྦྲང་ནོར་བུ་གསོ་ཚགས་ཀྱི་ཁྱད་ལྡན་ཐོན་ལས་ཐོན་སྐྱེད་ཧུར་ཐག་དང་། རང་བྱུང་གནམ་གཤིས་ཀྱི་ཆོས་ཉིད་དང་བསྟུན་རྒྱུ་མཐའ་འཁྱོངས། གདོད་མའི་ནགས་རིའི་སྔོ་ཁེབས་གཏོར་བཤིག་མི་གཏོང་བ། གདོད་མའི་སྐྱེ་ཁམས་ཀྱི་ལྗང་མདོག་ཐོན་ལས་འཁོར་འབྲེལ་གཏོད་པ་བཅས་བྱས་ནས། གནམ་གཤིས་འགྱུར་ལྡོག་དང་ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ལ་འགྲེལ་བཤད་གསོན་ཉམས་དོད་པོ་བརྒྱབ་སྟེ། རྟེན་གཞི་འདི་ཉིད་གསོ་ཚགས་ལས་སྣོན་དང་། ཐོན་ལས་བྲིན་འཚོང་། ཚན་ཞིབ་གསར་སྤེལ། ས་གནས་ས་ཐོག་གི་སློབ་ཁྲིད། ཞིབ་སྦྱོང་ལག་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཚན་རིག་ཁྱབ་གདལ་གྱི་རྟེན་གཞིར་འགྱུར་བར་བྱ་རྒྱུ་རེད།
“རྒྱལ་ཁབ་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་བྱ་ཡུལ་ཐོག་མ”དབན་ཨན་གྲོང་རྡལ་ཅེ་ཝུན་གྲོང་ཚོ་ནི་ད་ཐེངས་ཀྱི་ཞིབ་སྦྱོང་འཛིན་གྲྭའི་ལྟེ་བའི་རྟོག་ཞིབ་ས་ཚིགས་ཀྱི་གྲས་ཤིག་རེད། ནགས་ཚལ་དང་རྒྱ་མཚོ་ཡུག་གཅིག་ཏུ་སྦྲེལ་ནས་སྔོ་ཐིང་ཐིང་དུ་གནས་པ་དང་ནགས་ཁྲོད་ཐོན་ཁུངས་བཟང་པོས་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་དང་ནགས་ཚལ་ཐཱན་འདུས་ཀྱི་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་ནས། ས་ཁོངས་ཀྱི་གནམ་གཤིས་སྙོམ་སྒྲིག་ནུས་ལྡན་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་སྐྱེ་ཁམས་ཀྱི་འདེགས་སྐྱོར་བརྟན་པོ་བྱས་ཡོད། ལས་དོན་པས་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། དང་ཐོག་ནགས་རིར་ཤིང་གང་བྱུང་དུ་གཅོད་པ་དང་ཐོན་ཁུངས་འཕྲོ་བརླག་བཏང་བ་ནས་ད་ཆའི་དུད་ཚང་ལ་བགོས་ནས་ཚན་རིག་དང་མཐུན་པའི་གཡོག་བྱེད་བྱེད་པ། སྐྱེ་ཁམས་འབབ་འཕར་བྱུང་བ་བཅས་ཀྱི་བར་འགྱུར་ལྡོག་བྱུང་སྟེ། ཅེ་ཝུན་གྲོང་ཚོ་དེ་ཉིད“ཤིང་གཅོད”ནས“ཤིང་སྲུང”དང“ནགས་དར”བར་འགྱུར་ལྡོག་ཕྱིན་ནས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གཉིས་ཕན་གྱི་ལྗང་མདོག་འཕེལ་རྒྱས་ལམ་བུར་བསྐྱོད་ཡོད་པ་རེད།
ཨན་ནཱ·ཆའོ་པུའུ་ཡིས། “ད་ཐེངས་ཀྱི་བགྲོ་གླེང་སློབ་སྦྱོང་གི་ནང་དོན་ཡང་ང་ཚོས་མིག་སྔར་སྐུལ་འདེད་གཏོང་བཞིན་པའི་ལས་དོན་དང་མཐུན་ཞིང་། འདམ་རའི་སྤྱི་གླིང་དུ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པ་དང་ཁོར་ཡུག་གཙང་བས་སྐྱིད་སྣང་དོད་པོ་འདུག ང་ཚོས་ད་དུང་སྦྲང་ནོར་བུའི་ལས་རིགས་ཀྱི་ཐོན་ལས་རྟེན་གཞིར་བཅར་འདྲིར་བསྐྱོད་པ་ཡིན་ལ་ནགས་ཚལ་འཛུགས་སྐྲུན་བྱས་ཚུལ་ཀྱང་མཐོང་བྱུང་། ཀྲུང་གོ་མི་དམངས་ཀྱི་ལེགས་སྐྱེས་སྙིང་སྟོབས་ཀྱིས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་། ང་ཚོའི་རྒྱལ་ཁབ་ཀྱིས་ཀྱང་ཀྲུང་གོ་དང་འདྲ་བར་སྐྱེ་ཁམས་དང་གཙང་སྦྲར་སྣང་ཆེན་བྱེད་པའི་རེ་བ་ཡོད། དེ་ལྟར་བྱུང་ཚེ་གཞི་ནས་ཁོར་ཡུག་གཙང་ལ་མི་དམངས་བདེ་ཐང་ཡོང་ཐུབ། ང་ཚོས་དེ་གའི་མཐོང་ཐོས་མྱོང་གསུམ་ཀམ་པི་ཡར་ཁྱེར་ནས་ནགས་ལས་ཁྱབ་ཁོངས་དང་འདམ་རའི་སྤྱི་གླིང་གཡོག་བྱེད་ཐད་མཉམ་ལས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།
དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱིས་གནམ་གཤིས་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་གཏོང་སྟངས་ཤེས་རྟོགས་གཏིང་ཟབ་བྱ་ཆེད། སློབ་མ་ཚོས་སྔ་རྗེས་སུ་ཏུང་ལིའུ་གྲོང་རྡལ་ཧོང་ཧྥང་གྲོང་ཚོ་དང་ཀྲུང་ཧྲན་གྲོང་རྡལ་དབྱང་མིན་གྲོང་ཚོར་བཅར་འདྲིར་བསྐྱོད་དེ། ས་གནས་ས་ཐོག་ཏུ་སྐྱེ་ཁམས་དམངས་ཕྱུག་དང་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་གཞི་རིམ་ལག་ལེན་སྐོར་འདྲི་རྟོག་བྱས་པ་རེད།
“མེ་ཏོག་དང་ཤིང་འབྲས་ཀྱི་ཏུང་ལིའུ”ལྡུམ་རའི་ཕྱོགས་བསྡུས་སྒྲིག་གཞིར་ས་གནས་དེ་གའི་མིས་ཐུན་མིན་གྱི་དྲོད་འཇམ་བརླན་བཤེར་གྱི་གནམ་གཤིས་ལ་བརྟེན་ནས། སྐྱེ་ཁམས་ཀྱི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་སྨན་དང་རྫས་ལུད་བེད་སྤྱོད་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ། ལྗང་མདོག་གི་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་གཙོ་བོར་ཐོན་སྐྱེད་བཅས་བྱས་ཏེ། གནམ་གཤིས་ཀྱི་ལེགས་ཆར་བརྟེན་ནས་དེང་རབས་ཀྱི་ཞིང་ལས་ཐཱན་ཉུང་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཡོད། “ཏུང་ལིའུ་ཡི་གནམ་གཤིས་དྲོ་བ་དང་ཉི་འོད་ལེགས་པས་ལྷན་སྐྱེས་ཀྱི‘མེ་ཏོག་དང་ཤིང་འབྲས་ཀྱི་འབྱུང་ཁུངས’ཤིག་རེད། ཏུང་ལིའུ་གྲོང་རྡལ་གྱི་ཤིང་ཏོག་ཧྥུའུ་རུང་ལིའི་འདེབས་ཁྱོན་མུའུ་ཁྲི་3ཡན་བར་བརྟན་པོ་བྱུང་བ་དང་། ལོར་ཐོན་བབ་ཏུན་ཁྲི་6ལྷག་ཙམ་ཟིན་ཡོད”རྒྱལ་ཡོངས་ཀྱི་གྲོང་གསེབ་ལས་གཏོད་ཕུལ་བྱུང་སྣེ་ཁྲིད་པ་དང་ཧྥུའུ་ཅན་ལེང་ཡེ་ཅིའུ་ཡའོ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལེ་ལེའོ་ཞུའེ་ཧན་གྱིས་ཞིབ་སྦྱོང་འཛིན་གྲྭའི་སློབ་མར“ང་ཚོས་གནམ་གཤིས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། “མེ་ཏོག་དང་ཤིང་འབྲས”ཀྱི་ཁྱད་ལྡན་ཐོན་ལས་ཐོན་སྐྱེད་ཧུར་ཐག་བྱས་ནས། སྲོལ་རྒྱུན་གྱི་ཁྱིམ་ཚང་གི་ཨ་རག་སྙོལ་བཟོ་དང་དེང་རབས་ཤིང་ཏོག་ཨ་རག་སྙོལ་རྩལ་དང་ཟུང་འབྲེལ་གྱིས་ཤིང་ཏོག་ཧྥུའུ་རུང་ལིའི་ཨ་རག་སོགས་ཀྱི་ཐོན་རྫས་མང་པོ་ཞིབ་སྤེལ་བྱས་པ་མ་ཟད། ད་དུང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་ཟུར་བསྣན་རིན་ཐང་ཆེ་རུ་ཡང་བཏང་ཡོད”ཅེས་ངོ་སྤྲོད་བྱས།
སློབ་མ་ཚོས་ད་དུང་ཀྲུང་ཧྲན་གྲོང་རྡལ་དབྱང་མིན་གྲོང་ཚོར་བསྐྱོད་དེ་སུང་ཧྭ་གྲོང་སྡེའི་སྐྱེ་ཁམས་ཇ་ཞིང་དུ་ལྟ་སྦྱོང་བྱས་ནས། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ལ་ཐད་ཀར་ཤེས་རྟོགས་བྱེད་པ་དང་། རི་ཁུལ་གྱི་གནམ་གཤིས་དང་བསྟུན་ནས་སྐྱེ་ཁམས་ཇ་ཞིང་བདག་སྐྱོང་བྱེད་སྟངས་ལ་ལྟ་ཞིབ་ཞིབ་ཚགས་བྱེད་པ། ནགས་ཁྲོད་ཇ་རའི་ཐཱན་ཉུང་འདེབས་འཛུགས་དང་གནམ་གཤིས་དང་འཚམ་པའི་འདེབས་འཛུགས་ཀྱི་གཉེར་སྐྱོང་ཆོས་ཉིད་ཟིན་ཐོར་འགོད་པ་བཅས་བྱས་ནས། ཝུའུ་ཕིང་གིས་གནམ་གཤིས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ཡང་དག་ཤེས་པར་བྱས་ཡོད། “འདེབས་འཛུགས་བྱེད་རིང་ཐོན་པའི་བེད་མེད་ཟོག་རོ་ཐག་གཅོད་ཇི་ལྟར་བྱེད་དགོས་པ”དང“ཁྱད་ལྡན་ཐོན་ལས་དེ་དག་གིས་གྲོང་མིའི་འབབ་འཕར་ལ་སྐུལ་ཁྲིད་ཇི་ལྟར་བྱེད་དགོས་པ”སོགས་སློབ་མ་ཚོས་བཏོན་པའི་གནད་དོན་ལ་རྟེན་གཞིའི་འགན་འཁུར་བས་ས་གནས་དེ་གའི་ལག་ལེན་དང་ཟུང་འབྲེལ་གྱིས་རེ་རེ་བཞིན་ལན་བརྒྱབ་སྟེ་ཁོང་ཚོར་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།