དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་བདེ་ལས་ཁུངས་དང་སློབ་གསོའི་སྡེ་ཚན་གྱིས་མཐོ་རྒྱུགས་གཏོང་མཁན་སློབ་མར་ཡིད་རྟོན་རྒྱུགས་སྤྲོད་པའི་དྲན་སྐུལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-08

    གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། 2026ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ལས་དོན་བདེ་འཇགས་དང་། བརྟན་པོ། བདེ་བླག་བཅས་ཡོང་བའི་འགན་ལེན་བྱ་ཆེད། རྒྱལ་ཁབ་སློབ་གསོའི་གཅིག་གྱུར་ཡིག་རྒྱུགས་ལས་དོན་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྡེ་ཚན་གྱིས་མཐུན་སྦྱོར་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མཐོ་རྒྱུགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ཚད་གཞི་མཐོ་ཤོས་དང་། བླང་བྱ་ནན་ཤོས། བྱ་ཐབས་ནན་ཤོས་བཅས་མཐའ་འཁྱོངས་བྱས་ཏེ་རྒྱུགས་སྤྲོད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་ཞིབ་བཤེར་ནན་པོ་བྱས་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་རེད།

    སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྡེ་ཚན་གྱིས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་རྒྱུགས་སྤྲོད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་ཡིད་རྟོན་རྒྱུགས་སྤྲོད་པ། ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་གང་རུང་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཆད་པ་ནན་པོ་ཕོག་རྒྱུའི་དྲན་སྐུལ་བྱས་པ་རེད།

    《རྒྱལ་ཁབ་ཀྱི་སློབ་གསོའི་ཡིག་རྒྱུགས་ཀྱི་སྒྲིག་འགལ་ཐག་གཅོད་བྱ་ཐབས》གཞིར་བཟུང་། རྒྱལ་ཁབ་ཀྱི་སློབ་གསོའི་ཡིག་རྒྱུགས་ཁྲོད་གཡོ་ལས་བྱེད་མཁན་རྒྱུགས་སྤྲོད་སློབ་མར་སློབ་གསོའི་སྡེ་ཚན་གྱིས་སྦྱངས་འབྲས་རྩིས་མེད་དུ་གཏོང་བ་དང་གནས་སྐབས་རྒྱུགས་སྤྲོད་མཚམས་འཇོག་པ་སོགས་ཀྱི་ཐག་གཅོད་བྱེད་ཆོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》གཞིར་བཟུང་། མཐོ་རྒྱུགས་ནང་གཡོ་ལས་སྒྲིག་འཛུགས་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་སྦྲགས་གཅོད་རྒྱུའམ་ཁེར་གཅོད་བྱ་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་སྦྲགས་གཅོད་བྱ་རྒྱུ། རྒྱུགས་སྤྲོད་སློབ་མའི་ཚབ་བྱས་ནས་ཡིག་རྒྱུགས་གཏོང་བ་དང་སྐུད་མེད་གཡོ་ལས་ཡོ་བྱད་ཕྱིར་ཚོང་དང་བེད་སྤྱོད་བྱེད་པ་སོགས་ཀྱི་བྱེད་སྤྱོད་ལ་ཡིག་རྒྱུགས་གཡོ་ལས་སྒྲིག་འཛུགས་ཀྱི་ཉེས་གསོག་དང་། ཡིག་རྒྱུགས་ཚབ་གཏོང་གི་ཉེས་གསོག ཁྲིམས་འགལ་ངང་ལྐོག་ཉན་དང་ལྐོག་ཏུ་པར་ལེན་པའི་ཆེད་སྤྱོད་ཡོ་བྱད་ཐོན་སྐྱེད་དང་། ཕྱིར་ཚོང་། བེད་སྤྱོད་བཅས་བྱེད་པའི་ཉེས་གསོག ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི་ཉེས་གསོག་དང་སྐུད་མེད་གློག་འཕྲིན་དོ་དམ་སྒྲིག་ལམ་ཟང་ཟིང་བཟོ་བའི་ཉེས་གསོག་སོགས་དོགས་པ་ཡོད་རིགས་ཉེས་དོན་གྱི་འགན་འཁྲི་འཁུར་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།