མེ་སྟག་རིམ་གྱིས་སྤང་ལྗོངས་སྲེག་པའི་ཚུལ་དུ་གྱུར་པའི་གསར་བརྗེའི་འཕོ་འགྱུར་སྐོར་བཀོད་པ།

འདི་ནི་ཅིན་ཀང་རི་བོའི་དར་དམར་ཐང་ཆེན་དུ་བསམ་བློ་ཆབ་སྲིད་ཀྱི་ལག་ལེན་བྱེད་སྒོ་སྤེལ་བཞིན་པ།
ཅིན་ཀང་རི་བོའི་གསར་བརྗེའི་རྟེན་མཛོད་ཁང་གི་འགྲེམས་ཁང་གསུམ་པའི་དཔེ་སྒྲོམ་ཞིག་གི་ཐོག《ཀྲུང་གོའི་གསར་བརྗེའི་སྲིད་དབང་གནས་ཐུབ་པའི་རྒྱུ་མཚན་གང་ཡིན》དང《ཅིན་ཀང་རི་བོའི་འཐབ་རྩོད》ཅེས་པའི་དེབ་ཆུང་གཉིས་ལ་ལྟད་མོ་བ་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག
ལོ་ངོ་90ལྷག་ཙམ་གྱི་གོང་། མའོ་ཙེ་ཏུང་གིས་ཅིན་ཀང་རི་བོར་ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་གནང་བའི་གྲོང་གསེབ་ཀྱི་གསར་བརྗེའི་རྟེན་གཞི་ཁུལ་དང་པོ་དེ་བཙུགས་ཤིང་། བཟོ་ཞིང་གི་དྲག་པོའི་བཅད་བཟུང་གི་དགོངས་པ་བཏོན་གནང་བ་རེད། དེ་ནས་བཟུང་མེ་སྟག་རིམ་གྱིས་སྤང་ལྗོངས་སྲེག་པའི་ཚུལ་དུ་གྱུར་ནས་ཀྲུང་གོའི་གསར་བརྗེའི་མདུན་ལམ་གསལ་བར་བྱས།
1927ལོར། གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གིས་གསར་བརྗེར་རྒྱབ་གཏོད་བྱས་ཏེ། སྔ་རྗེས་སུ་བཞི་གཅིག་གཉིས་དང་བདུན་གཅིག་ལྔའི་གསར་བརྗེར་ངོ་རྒོལ་གྱི་སྲིད་འགྱུར་བསླངས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མི་དང་གསར་བརྗེའི་མང་ཚོགས་དམར་གསོད་བཏང་བས་ཚ་ཚ་འུར་འུར་གྱི་གསར་བརྗེ་ཆེན་པོ་ཕམ་ཉེས་སུ་ཤོར། ཀྲུང་གོ་གུང་ཁྲན་ཏང་གིས་ཤི་གསོན་གྱི་ཉམས་སད་ལ་ཐད་ཀར་གཏུཌ་ནས། གསར་བརྗེ་རྒྱུན་མཐུད་དང་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་ནན་པོ་བྱས།
1927ལོའི་ཟླ་9པར། ཧུའུ་ནན་དང་ཅང་ཤིས་ཀྱི་ས་མཚམས་སུ་སྟོན་བསྡུའི་འོས་ལངས་ལ་ཕམ་ཉེས་ཚབས་ཆེན་བྱུང་རྗེས་ཀྱི་ཝུན་ཅ་གྲོང་ཁྱེར་གྱི་གཡུལ་སའི་མདུན་དངོས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག མའོ་ཙེ་ཏུང་གིས“ལིའུ་དབྱང་ལེན་པར་ཁྲང་ཧྲ་ལ་ཐད་ཀར་ཕར་རྒོལ་བྱེད་པའི”སྔོན་བཀོད་འཆར་གཞི་བསྒྱུར་ཏེ། འོས་ལངས་དམག་ཧུའུ་ནན་ཤར་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱས་ཏེ་ལྷོ་ཕྱོགས་སུ་གནས་སྤོ་རྒྱུའི་ཐུགས་ཐག་བཅད། གདམ་ག་དེས་ཉེན་ཁའི་ཁྲོད་དུ་གནས་པའི་གསར་བརྗེའི་དཔུང་ཁག་ལ་ཁ་ཕྱོགས་གསལ་སྟོན་ཐུབ་ཡོད། ལོ་དེའི་ཟླ་10པར། མའོ་ཙེ་ཏུང་གིས་བཟོ་ཞིང་གསར་བརྗེའི་དམག་དཔུང་གི་སྣེ་ཁྲིད་དེ་ཅིན་ཀང་རི་བོར་ཕེབས།
གྲོང་ཁྱེར་ཆེ་གྲས་ལ་ཕར་རྒོལ་བྱེད་པ་ནས་གྲོང་གསེབ་ཏུ་དཔུང་སྐྱོད་བྱེད་པར་བསྒྱུར་བ་དེ་ནི་ཀྲུང་གོའི་གསར་བརྗེར་ཐག་གཅོད་ཀྱི་དོན་སྙིང་ལྡན་པའི་འགོ་འཛུགས་ས་གསར་པ་ཞིག་རེད།
1928ལོའི་ཟླ་4པར། ཀྲུའུ་ཏེ་དང་ཁྲེན་དབྱི་གཉིས་ཀྱིས་ནན་ཁྲང་དུ་འོས་ལངས་བྱེད་སྐབས་གྲུབ་པའི་དཔུང་སྡེ་དང་ཧུའུ་ནན་ལྷོ་ཕྱོགས་འོས་ལངས་ཀྱི་ཞིང་དམག་ཁྲི་1ལྷག་ཁྲིད་དེ་ཅིན་ཀང་རི་བོར་ཕེབས་ནས། མའོ་ཙེ་ཏུང་གིས་འགོ་ཁྲིད་གནང་བའི་དཔུང་སྡེ་དང་མཉམ་དུ་ཉིང་ཀང་ལུང་ཧྲིར(དེང་གི་ཅིན་ཀང་རི་བོའི་ལུང་ཧྲི་གྲོང་རྡལ)དུ་རྒྱལ་ཁའི་ངང་དམག་དཔུང་མཉམ་འཛོམས་བྱུང་སྟེ། བཟོ་ཞིང་གསར་བརྗེ་དམག་གི་ཅུན་ཤོག་བཞི་པ(ཕྱིས་སུ་བཟོ་ཞིང་དམར་དམག་གི་ཅུན་ཤོག་བཞི་པར་བསྒྱུར)མཉམ་སྒྲིག་ངང་བཙུགས་པ་དང་། ཀྲུའུ་ཏེ་ཡིས་ཅུན་ཀྲང་གནང་བ་དང་། མའོ་ཙེ་ཏུང་གིས་ཏང་གི་འཐུས་མི་དང་དམག་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས། ལོ་དེའི་ཟླ་12པར། ཕེང་ཏེ་ཧོའེ་དང་ཐེང་ཏའེ་ཡོན་གཉིས་ཀྱིས་དམར་དམག་ཅུན་ཤོག་ལྔ་པ་ཁྲིད་དེ་ཅིན་ཀང་རི་བོར་ཕེབས་ནས་དམར་དམག་ཅུན་ཤོག་བཞི་པ་དང་མཉམ་འཛོམས་གནང་།
དམར་དམག་ཅུན་ཤོག་བཞི་པས་ཧུའུ་ནན་དང་ཅང་ཤིས་ཀྱི་གོ་མིན་ཏང་གི“རུབ་བཅོམ”ཐེངས་དང་པོ་དང་ཐེངས་གཉིས་པ་ཐལ་བའི་རྡུལ་དུ་བརླགས་ཤིང་། དེའི་རིང་ཧོང་དབྱང་ཅེ་སྲུང་སྐྱོབ་དམག་འཁྲུག་ལ་རྒྱལ་ཁ་ཐོབ།
བཟོ་ཞིང་གི་དྲག་པོའི་བཅད་བཟུང་བྱས་པ་ཟེར་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དྲག་པོའི་འཐབ་རྩོད་དང་། ས་ཞིང་གསར་བརྗེ། གསར་བརྗེའི་སྲིད་དབང་གསར་འཛུགས་བཅས་གསུམ་ཟུང་དུ་སྦྲེལ་བ་ལ་ཟེར།
ས་ཞིང་ནི་ཞིང་པའི་སྲོག་རྩ་རེད། འོན་ཀྱང་མཐའ་མཚམས་ཀྱི་ས་ཞིང་60%ཡན་ས་བདག་ལ་དབང་ཡོད། 1928ལོའི་ཟླ་5ཚེས་20ཉིན། ཧུའུ་ནན་དང་ཅང་ཤིས་ས་མཚམས་སུ། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ནས། ཡུལ་གྱི་གཤེད་མ་གཏོར་བ་དང་ས་ཞིང་བགོ་བའི་ས་ཞིང་གསར་བརྗེ་ཕྱོགས་ཡོངས་ནས་བྱས། ལོ་དེའི་ཟླ་12པར་ཅིན་ཀང་རི་བོའི《ས་ཞིང་བཅའ་ཁྲིམས》དངོས་སུ་ཁྱབ་བསྒྲགས་བྱས་ཏེ་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཞིང་པར་ས་ཞིང་དབང་བའི་ཁེ་དབང་ཁས་ལེན་བྱས་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་དབང་བའི་ལམ་ལུགས་ཁས་མ་བླངས།
ལོ་ངོ་སྟོང་ཕྲག་མང་པོའི་རིང་། བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་ལམ་ལུགས་ཀྱི་གཉའ་གནོན་ཕོག་པའི་ཞིང་པ་རྣམས་ཡར་ལངས་བྱུང་ནས་བདག་པོར་གྱུར་པ་དང་། གསར་བརྗེའི་སྤྲོ་སེམས་རབ་ཏུ་འཕེལ་ནས་ཁྱོའོ་དང་བུ་ཕྲུག་དམག་ལ་གཅིག་རྗེས་གཉིས་མཐུད་དུ་མངགས་ཏེ་གཡུལ་སར་རོགས་སྐྱོར་བྱས། དམར་སྲུང་རུ་ཁག་དང་། བུད་མེད་ཚོགས་པ། ན་གཞོན་ཚོགས་པ་སོགས་མང་ཚོགས་རྩ་འཛུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། སྲ་ཞིང་བརྟན་པའི་མི་དམངས་དམག་འཁྲུག་གི་འགོག་སྲུང་འཛིང་རགས་བསྐྲུན།
1930ལོའི་ཟླ་དང་པོར། 《མེ་སྟག་གིས་སྤང་ལྗོངས་སྲེག་ཐུབ》ཅེས་པའི་རྩོམ་ཡིག་བཏོན་པ་དང་། དེའི་ནང་ཀྲུང་གོའི་གསར་བརྗེར་མཐོ་རླབས་འཕྱུར་ངེས་ཡིན་པའི་འོད་སྟོང་འབར་བའི་མདུན་ལྗོངས་གསོན་ཉམས་དོད་པོས་བྲིས་པ་དང་། དོན་དངོས་ཐོག་ཏང་གི་ལས་ཀའི་གཙོ་གནད་དེ་གྲོང་ཁྱེར་ནས་གྲོང་གསེབ་ཏུ་བསྒྱུར་ཏེ་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་བསྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་ལེན་པའི་དགོངས་པ་གྲུབ་འགོ་ཚུགས།
ཅིན་ཀང་རི་བོའི་གསར་བརྗེའི་རྟེན་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་ཧོ་ཞའོ་ཝུན་གྱིས། ཅིན་ཀང་རི་བོའི་གསར་བརྗེའི་འཐབ་རྩོད་ཀྱིས་གསར་བརྗེའི་ཉམས་ཉེན་གྱི་ཁ་ཕྱོགས་བསྒྱུར་ནས་ཀྲུང་གོའི་རྒྱལ་བབ་དང་འཚམ་པའི་གསར་བརྗེའི་ལམ་བུ་གསར་པ་བཏོད་ཡོད་ཅེས་བརྗོད།
ལོ་ཟླར་འཕོ་འགྱུར་ཇི་འདྲ་བྱུང་རུང་སྙིང་སྟོབས་ནམ་ཡང་ཉམས་མི་སྲིད།
ད་ཆ་དབྱར་དུས་སུ། ཅིན་ཀང་རི་བོར་སྔོ་ལྗང་གོས་ཀྱིས་བཀླུབས་ནས་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། ཅིན་ཀང་རི་བོའི་གསར་བརྗེའི་བཞུགས་གནས་རྙིང་པ་དང་རྟེན་གཞིའི་ཁུལ་རྙིང་དུ་ཡུལ་སྐོར་བ་བུང་བའི་ཚོགས་བཞིན་འཁོར་ཡོད། སྔོན་གཤེགས་དཔའ་བོའི་མི་རབས་རྗེས་མ་དང་། འགྲེལ་བཤད་པ། ཏང་ཡོན་ལས་བྱེད་པ་བཅས་ལས་གྲུབ་པའི་ཅིན་ཀང་རི་བོའི་སྙིང་སྟོབས་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱས་ཏེ་རྣ་བར་སྙན་ལ་ཡིད་ལ་འཇགས་པའི་སྐད་ཆའི་སྒྱུ་རྩལ་ཐོག་ནས་ཅིན་ཀང་རི་བོའི་སྙིང་སྟོབས་མི་སེམས་སུ་གཏིང་ཟབ་ཟུག་པར་འབད་བཞིན་ཡོད།
2025ལོར་ཅིན་ཀང་རི་བོས“ང་རང་ཅིན་ཀང་དུ་སྐྱོད་པའི”བསམ་བློ་ཆབ་སྲིད་ཀྱི་ལག་ལེན་བྱེད་སྒོ་སྤེལ་ནས་གཞོན་ནུ་སློབ་མ་ཁག་དང་ཁག་གིས་སྔོན་བྱོན་པའི་རྗེས་ཤུལ་དེད་དེ་གསར་བརྗེའི་དྲན་ཤེས་འཚོལ་ཞིབ་བྱས་པ་དང་། ལོ་དེར་ཅིན་ཀང་རི་བོའི་གསར་བརྗེའི་ཞིབ་འཇུག་སློབ་མའི་མི་གྲངས་བསྡོམས་འབོར་མི་ཐེངས་ཁྲི་21.75ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།