དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་པེ་དབྱི་ཁྲང་གྲོང་ཁྱེར་དབྱི་ལིང་ཆུས་ཞུས་ཅ་ཁྲུང་གྲོང་ཚོ།

    “ཆུ་སྤྱོད་ཀྱི་རྩིས་ཁྲ”ཞིག་ནས་འབྲི་ཆུའི་སྲུང་སྐྱོང་ཆེན་པོར་བལྟ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཅུན།   |     སྤེལ་དུས།  2026-06-08

    འདི་ནི་ཞུས་ཅ་ཁྲུང་གྲོང་ཚོའི་བསྐྱར་སྐྱེས་ཆུ་བེད་སྤྱོད་ཐོ་འགོད་དེབ་ཡིན་པ།

    འབྲི་ཆུའི་འགག་གསུམ་ཆུ་རཌ་ཀྱི་བྱང་སྣེར་ཡོད་པའི་ཧུའུ་པེ་དབྱི་ཁྲང་གྲོང་ཁྱེར་དབྱི་ལིང་ཆུས་ཐའེ་ཕིན་ཞི་གྲོང་རྡལ་ཞུས་ཅ་ཁྲུང་གྲོང་ཚོའི་མ་ལམ་འགྲམ་གྱི་སྨི་བརྒྱ་རེའི་མཚམས་སུ་སྨི་གཅིག་ཙམ་གྱི་ཆུ་རྫིང་གྲུ་བཞི་རེ་ཡོད། ཡུལ་མི་མི་ཉུང་བ་ཞིག་གིས་རྡོག་ཕྱིས་དང་གད་སྙིགས་བླུགས་སྣོད་རྫིང་བུའི་འགྲམ་དུ་བཀྲུ་བར་ཡོང་གི་ཡོད།

    ལོ་69ལ་སླེབས་པའི་ཡུལ་མི་ཝང་ཤིས་ཅིའུ་ཡིས“ཆུ་འདི་དྭངས་བས་གྱོན་གོས་སོགས་འཁྲུ་བར་ཧ་ཅང་སྟབས་བདེ་པོ་འདུག རྫིང་བུའི་ནང་གི་ཆུ་ཚང་མ་བཙོག་ཆུ་གཙང་གསིང་བཟོ་གྲྭས་གཙང་གསིང་བྱས་རྗེས་ཀྱི་བསྐྱར་སྐྱེས་ཆུ་ཡིན་པས་རིན་པ་མི་དགོས་པར་སྤྱོད་ཆོག་གི་ཡོད”ཅེས་བཤད།

    འབྲི་ཆུར་སྲུང་སྐྱོང་ཆེན་པོ་བྱས་ནས་ལོ་10ཡི་རིང་ས་གནས་དེ་གས་ཆེད་མངགས“ཆུ་སྤྱོད་ཀྱི་རྩིས་ཁྲ”བཟོས་ནས་ཡུལ་མི་ཚོས་བསྐྱར་སྐྱེས་ཆུ་སྤྱོད་ཚད་དང་སྤྱོད་སྒོ་ཚང་མ“ཆུ་སྤྱོད་ཀྱི་རྩིས་ཁྲ”དེའི་ནང་བཀོད་ཡོད།

    དེ་སྔ་ཞུས་ཅ་ཁྲུང་གྲོང་ཚོའི་མི་རབས་ནས་མི་རབས་བར་གྱིས་འབྲི་ཆུའི་འགྲམ་དུ་དབྱུག་པ་སྤྱད་དེ་གོས་འཁྲུད་ཀྱི་ཡོད། 2012ལོར། གྲོང་ཚོས་སྤྱི་ཚོགས་ཀྱི་ཞལ་འདེབས་ལ་བརྟེན་ནས་ཆུ་མིག་དྲངས་པ་མ་ཟད། ད་དུང་གྲོང་ཚོ་ཨུ་ལྷན་གྱི་ཉེ་འགྲམ་དུ་དམངས་ཕན་གོས་འཁྲུད་རྫིང་བུ་བསྐྲུན་ཡོད་མོད། འོན་ཀྱང་གནད་དོན་གསར་པ་ཡང་དེ་དང་བསྟུན་ནས་ཐོན་ཡོད། “སྐབས་དེ་དུས་ཡུལ་མི་ཚོས་གྱོན་གོས་སོགས་བཀྲུས་རྗེས་བཙོག་ཆུ་ཐད་ཀར་གོས་འཁྲུད་རྫིང་བུའི་འོག་གི་ཡུར་བུར་གློད་དེ་མཐར་འབྲི་ཆུའི་ནང་རྒྱུག་ནས་སྦགས་བཙོག་ངེས་ཅན་བཟོ་གི་ཡོད”ཅེས་ཞུས་ཅ་ཁྲུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཁྲུང་ཅུན་གྱིས་ངོ་སྤྲོད་བྱས།

    2016ལོར། འབྲི་ཆུར་སྲུང་སྐྱོང་ཆེན་པོ་བྱེད་འགོ་ཚུགས་པ་དང་ཧུའུ་པེས་འཕྲལ་མར་སྲུང་སྐྱོང་ལས་དོན་ཁག་ལ་སྐུལ་འདེད་བཏང་བས། ཞུས་ཅ་ཁྲུང་གྲོང་ཚོར་དཀའ་གནད་ཅིག་འཕྲད་པ་སྟེ། གལ་སྲིད་དམངས་ཕན་གོས་འཁྲུད་རྫིང་བུ་མེད་པར་བཟོས་ཚེ་བཙོག་ཆུ་ཐད་ཀར་འབུད་རྒྱུ་གཏན་འགོག་བྱེད་ཐུབ་རུང་ལོ་མང་རིང་གོས་འཁྲུད་རྒྱུར་གོམས་གཤིས་འཇགས་པའི་ཡུལ་མི་ཚོར་སྟབས་མི་བདེ་བ་ཡོང་གི་ཡོད་པ་དེ་རེད།

    ཞུས་ཅ་ཁྲུང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་སྦྲེལ་མཐུད་ཐེངས་མང་བྱས་ཏེ། རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་གྱིས་དམངས་ཕན་གོས་འཁྲུད་རྫིང་བུའི་འོག་ཏུ་བཙོག་འབུད་སྦུག་དྲ་བསྐྲུན་ནས་ཆུ་སྙིགས་གཙང་གསིང་བཟོ་གྲྭར་འདྲེན་གྱི་ཡོད། དེ་རྗེས་གྲོང་ཚོས་ཀྱང་གཅིག་གྱུར་གྱིས་བཙོག་འབུད་སྦུག་དྲ་བསྐྲུན་ནས་ཡུལ་མིས་ཆུ་ཀ་ལ་སྤྱད་དེ་ཐོན་པའི་འཚོ་བའི་བཙོག་ཆུ་གཅིག་གྱུར་བསྡུ་རུབ་བྱས་ཏེ་བཙོག་ཆུ་གཙང་གསིང་བཟོ་གྲྭར་གཅིག་སྡུད་ཐོག་གཙང་མ་བཟོ་གི་ཡོད།

    2024ལོར། དབྱི་ལིང་ཆུས་ཆུ་བེད་དང་མཚེའུ་ཅུས་ཀྱིས་བསྐྱར་སྐྱེས་ཆུ་བེད་སྤྱོད་ཁྱབ་གདལ་གཏོང་འགོ་བཙུགས་པ་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཤེ་རུང་གིས་ཡུལ་མི་རུབ་རུབ་བཟོས་ནས་ཆུས་ཆུ་བེད་དང་མཚེའུ་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣ་གདན་དྲངས་ཏེ་བསྐྱར་སྐྱེས་ཆུ་བེད་སྤྱོད་ཐད་གྲོས་བསྡུར་བྱས་པ་རེད། གྲོས་བསྡུར་ཟིན་རྗེས་དབྱི་ལིང་ཆུས་ཆུ་བེད་དང་མཚེའུ་ཅུས་ཀྱིས་གྲོང་ཚོར་ཆུ་འཐེན་ས་ཚིགས་ཤིག་བསྐྲུན་ནས་གཙང་གསིང་ཟིན་པའི་བསྐྱར་སྐྱེས་ཆུ་རི་སྟེང་གི་ཆུ་གསོག་རྫིང་བུར་དྲངས་ཏེ་སླར་ཡང་སྦུག་དྲ་གསར་པ་བཟོས་ནས་གྲོང་ཚོར་འདྲེན་རྒྱུའི་ཐག་བཅད།

    2025ལོའི་ཟླ་6པར། ཞུས་ཅ་ཁྲུང་གྲོང་ཚོའི་བསྐྱར་སྐྱེས་ཆུའི་འཁོར་རྒྱུག་མ་ལག་སྤྱོད་འགོ་ཚུགས་པ་དང་ཉིན་ལྟར་ཆུ་སྨི་རྒྱ་དཔངས་གྲུ་བཞི་250མཁོ་སྤྲོད་ཐུབ་ཀྱི་ཡོད། བསྐྱར་སྐྱེས་ཆུའི་མ་ལག་དོ་དམ་བྱེད་འགན་འཁུར་མཁན་ཀྲུའུ་ཁྲུང་ཅུན་གྱིས། མིག་སྔའི་བར། བསྐྱར་སྐྱེས་ཆུའི་མ་ལག་གིས་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་ཙམ་མཁོ་སྤྲོད་ཐུབ་པར་ཆུ་རིན་སྒོར་ཁྲི་2.2ཙམ་གྲོན་ཆུང་ཐུབ་ཡོད་ཅེས་བཤད།

    ད་ཆ། ཞུས་ཅ་ཁྲུང་དུ“གྲོང་ཚོ་གཅིག་ལ་ཆུ་གསུམ”གྱི་རྣམ་པ་ཆགས་ཡོད་དེ། ཆུ་ཚོད་24རིང་དྲ་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པའི་རང་འབབ་ཆུ་ཀ་ལའི་འཐུང་ཆུ་དང་། དགུན་དྲོ་དབྱར་བསིལ་གྱི་ཆུ་མིག་གིས་ཁ་གསབ་སྤྱོད་ཆུ། གཙང་གསིང་ཞིབ་ཚགས་ཟིན་པའི་བསྐྱར་སྐྱེས་ཆུ་ཞིང་ཆུ་འདྲེན་པ་དང་གྱོས་གོས་འཁྲུ་བ་སོགས་སུ་སྤྱོད་ཀྱི་ཡོད།

    ཆུའི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་པས་ཞུས་ཅ་ཁྲུང་གྲོང་ཚོའི་འཕེལ་རྒྱས་ལམ་བུ་ཇེ་ཡངས་ནས་ཇེ་ལེགས་སུ་གྱུར་ཡོད།

    ད་ལོའི་ཟླ་5པར། བསྐྱར་སྐྱེས་ཆུ་སྤྱད་དེ་འཚར་ལོངས་བྱུང་བའི་མེ་ཏོག་ཧོར་དཀྲིན་དུས་ཐོག་ཏུ་བཞད་དེ་གྲོང་ཚོ་ཡོངས་མེ་ཏོག་གི་རྒྱ་མཚོ་ལྟ་བུར་གྱུར།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།