མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཉིང་ཞྭ་གྲོང་ཚོ།
“རྩྭ་ཕྱུགས་ཀྱི་རྩིས་ཁྲ”ཞིག་ནས་རྩྭ་ཐང་གི་སྐྱེ་ཁམས་སླར་གསོར་བལྟ་བ།

འདི་ནི་ཉིང་ཞྭ་གྲོང་ཚོའི“རྩྭ་ཕྱུགས་དོ་སྙོམས་ཀྱི་གསལ་རྟོགས་གཱ”ཡིན་པ།
མཚོ་སྔོན་པོའི་ངོགས་ཀྱི་རྐང་ཚ་རྩྭ་ཐང་།
མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཉིང་ཞྭ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྕགས་ཐར་ཚེ་རིང་གིས་རང་ཁྱིམ་གྱི་རྩྭ་རར་ལངས་ནས་ལག་ཏུ་གཱ་ལྗང་ཁུ་ཞིག་ཁྱེར་ཡོད་པ་དེའི་སྟེང་རྩྭ་ཕྱུགས་དོ་སྙོམས་ཀྱི་རྒྱ་ཁྱོན་མུའུ་1164.68ཟིན་པ་དང་། རིགས་པའི་གཞུང་ལུགས་ཐོག་ཕྱུགས་རིགས་ཤོང་ཚད་ལུག་མགོ་གྲངས་206ཟིན་པ། དོན་དངོས་ཐོག་ལུག་མགོ་གྲངས་235གསོ་ཚགས་བྱས་པ་དེ་ལུག་མགོ་གྲངས་29ཚད་ལས་བརྒལ་ཡོད་ཅེས་བྲིས་ཡོད།
“ཚད་ལས་བརྒལ་ན་ཐབས་ཤེས་འཚོལ་དགོས”ཞེས་ལྕགས་ཐར་ཚེ་རིང་གིས“ངས་གཟན་རྩྭ་ཏུན་3ཐོལ་པ་ཉོས་པ་ཡིན། ལུག་མགོ་གྲངས་29དེ་དག་རྩྭ་རའི་རྩིས་ཁྲའི་ནང་བླུགས་མེད”ཅེས་བརྗོད།
གཱ་ལྗང་ཁུ་དེར“རྩྭ་ཕྱུགས་དོ་སྙོམས་ཀྱི་གསལ་རྟོགས་གཱ”ཞེས་བརྗོད་ཀྱི་ཡོད་པ་དང་། འབྲོག་པས་དེར“རྩྭ་ཕྱུགས་རྩིས་ཁྲ”ཞེས་ཀྱང་བརྗོད་ཀྱི་ཡོད། གཱ་འདིའི་ནང་དུ་རྩྭ་རར་ཡང་སྙིང་ལུག་ག་ཚོད་གསོ་ཐུབ་མིན་རྩིས་བརྒྱབ་ཡོད། “ནོར་ལུག་ཇི་ཙམ་མང་ན་དེ་ཙམ་གྱིས་ཕྱུག་ཏུ་འགྲོ་བའི”སྲོལ་རྒྱུན་གྱི་འདུ་ཤེས་དེར་རྩྭ་ར་ཞན་འགྱུར་གྱི་སྐྱེ་ཁམས་དམར་ཐིག་དང་འཕྲད་དུས། མི་གྲངས་435ལས་མེད་པའི་གྲོང་ཚོ་དེས་ཕྱུགས་རིགས་ཉུང་དུ་བཏང་ཡང་ཡོང་འབབ་ཉུང་དུ་མི་འགྲོ་བ་དང་རྩྭ་ཐང་ལ་སྲུང་སྐྱོང་ཐོབ་པ་མ་ཟད་ཡོང་འབབ་ཀྱང་མང་དུ་གཏོང་བའི་སྐྱེ་ཁམས་ཀྱི་ལྗང་མདོག་རྩིས་ཁྲ་ཞིག་བཟོས་ཡོད།
“སྔོན་ཆད། ཉིང་ཞྭ་གྲོང་ཚོར་ལུག་ཧ་ཅང་མང་རྐྱེན་རྩྭ་རའི་ཤོང་ཚད་ལས་བརྒལ་ནས་རྩྭ་ཐང་ཉམས་ཞན་དུ་ཕྱིན་ཡོད”ཅེས་ལྕགས་ཐར་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་སྐབས་དེ་དུས་འབྲོག་པ་ཚོས་ལུག་འཚོང་འདོད་གཏན་ནས་བྱེད་ཀྱི་མེད་སྟབས་རྩྭ་ར་ཉིན་རེ་བཞིན་སྐྱ་ཐེར་ཐེར་དུ་གྱུར་པ་དང་། ས་ནག་གྲམ་ཐང་ཉིན་རེ་ལས་མ་འདས་པར་རྒྱ་ཆེར་ཕྱིན་ནས། ལུག་གྲོད་པ་མ་རྒྱགས་སྟབས་སྤུས་ཚད་ཞན་ཏུ་ཕྱིན་པ་མ་ཟད། འབྲོག་པའི་ཡོང་འབབ་ཀྱང་ཉུང་དུ་ཕྱིན་ཡོད་ཅེས་བརྗོད།
“ཕྱུགས་རིགས་ཉུང་དུ་བཏང་ཡང་ཡོང་འབབ་ཉུང་དུ་གཏོང་མི་རུང” གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་ཤེས་རྟོགས་བྱུང་བར་ལྟར་ན། གནད་དོན་དེ་ནི་ལུག་མང་པོ་ཡོད་པར་ཐུག་མེད། དེ་ནི་ལུག་ཁྱུའི་གྲུབ་ཆ་ལུགས་མཐུན་མེད་པར་ཐུག་ཡོད། ཉིང་ཞྭ་གྲོང་ཚོས་ལུག་ཁྱུའི་གྲུབ་ཆ་ལེགས་སྒྲིག་བྱས་ནས་འབྲོག་པར་འབབ་འཕར་ཡོང་རོགས་བྱ་རྒྱུའི་ཐག་བཅད་པ་རེད།
རྗེས་ཀྱི་ལས་དོན་ནི་དམར་ཐིག་དབྱེ་མཚམས་གཅོད་རྒྱུར་ཐུག་ཅིང་། ཉིང་ཞྭ་གྲོང་ཚོས་ཚན་རིག་དང་མཐུན་པའི་ཚད་གཞི་གཞིར་བཟུང་། འབྲོག་པ་དུད་ཚང་རེར་རྩྭ་ར་མུའུ་ག་ཚོད་ཡོད་མེད་དང་། ལུག་ག་ཚོད་གསོ་ཐུབ་མིན། དངོས་སུ་ལུག་ག་ཚོད་གསོས་ཡོད་མེད། ད་དུང་གཟན་རྩྭ་དང་གཟན་ཆག་ག་ཚོད་གསོག་འཇོག་བྱེད་དགོས་མིན་བཅས་ཞིབ་རྩིས་བརྒྱབ་པ་རེད། རྩིས་འབྲས་ཚང་མ་གཱ་ནང་བཀོད་དེ་འབྲོག་པ་དུད་ཚང་རེར“གསལ་རྟོགས་གཱ”རེ་བཟོས་པས་ཕྱུགས་གྲངས་ཤོང་ཚད་ལས་བརྒལ་བ་ཡིན་པ་གསལ་པོར་མཐོང་ཐུབ།
གྲོང་ཚོས“དམར་པོ་དང་། ལི་མདོག ལྗང་ཁུ”བཅས་ཁ་དོག་གསུམ་གྱི་དོ་དམ་ལམ་སྲོལ་ཁྱབ་གདལ་བཏང་བ་སྟེ། ཚད་གཞི་ལོན་པའི་དུད་ཚང་ལ་གཱ་ལྗང་ཁུ་སྤྲོད་པ་དང་། ཤོང་ཚད་ལས་བརྒལ་བའི་དུད་ཚང་ལ་ལི་མདོག་གཱ་སྤྲད་དེ་དུས་བཀག་ཉིན་15ཡི་ནང་ཚུན་དུ་དག་ཐེར་བྱེད་དགོས་པ་དང་། དག་ཐེར་མ་བྱས་པའི་རིགས་ལ་གཱ་དམར་པོ་སྤྲོད་ཀྱི་ཡོད། “གཱ་དམར་པོ”ཐེངས་གཅིག་རག་པའི་འབྲོག་པར་ཆ་མཚོན་ན་དེའི་སྐར་གསོག་ནས་སྐར་མ་10འཐེན་གྱི་ཡོད། སྐར་གསོག་དེ་གྲོང་ཚོའི“སྐར་གསོག་སྒོ་རྩིས་ཚོང་ཁང”དང་ཟུང་འབྲེལ་བྱས་ནས་སྐར་གྲངས་ངེས་ཅན་ཞིག་ལ་སླེབས་ཚེ་དངོས་ཟོག་དང་བརྗེ་ཆོག་གི་ཡོད། “སྐར་མ་འཐེན་པ་དེ་དངུལ་ཆད་གཅོད་པ་ལས་གོ་ཆོད་པ་འདུག”ཅེས་ལྕགས་ཐར་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་གྲོང་ཚོ་ཡོངས་ཀྱི་ཚོགས་ཆེན་ཐོག་གཱ་དམར་པོ་སྤྲད་ན་ངོ་ཚ་པོ་ཡོང་ངེས་པས་སུས་ཀྱང་འགེལ་འདོད་བྱེད་ཀྱི་མེད། “དང་ཐོག་ལོ་གཅིག་ནང་གཱ་དམར་པོ་བདུན་བརྒྱད་ཙམ་སྤྲད་པ་དང་ན་ནིང་གྲོང་ཚོ་ཡོངས་སུ་གཱ་དམར་པོ་གཉིས་ལས་སྤྲད་མེད། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་གཱ་དམར་པོ་གཅིག་ཀྱང་སྤྲད་མེད”ཅེས་བརྗོད།
“གསལ་རྟོགས་གཱ”ཡི་ཐོག་དམར་ཐིག་བཀོད་ཡོད་པས་དམར་ཐིག་ནང་ཚུན་དུ་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་བམ། ཉིང་ཞྭ་གྲོང་ཚོའི་ལན་ནི་གཅིག་གྱུར་ཐོག་ཨ་བྲ་མེད་པ་བཟོ་བ་དང་། ཕྱུགས་རིགས་གཏན་འཁེལ་བྱེད་པ། ཁྱུ་ཚོགས་བགོ་བ། ཕ་སྦྱོར་བྱེད་པ། གཟན་རྩྭ་ཉོ་བ། ལུ་གུ་བཙའ་བ། འོ་ཐག་གཅོད་པ། བཤས་གཏོང་བ་བཅས་ཡིན།
སྔོན་ཆད། སྲོལ་རྒྱུན་གྱི་ཕྱུགས་རིགས་འཚོ་སྟངས་གཞིར་བཟུང་། ལུ་གུ་གཅིག་ལོ་གཉིས་གསོས་ན་གཞི་ནས་བཤས་གཏོང་ཐུབ་ཀྱི་ཡོད། ད་ཆ་གྲོང་ཚོས་མ་མོར་གཅིག་གྱུར་ཐོག་ཕ་སྦྱོར་བྱེད་པ་དང་། ལུ་གུ་བཙའ་བ། ལུ་གུ་སྐྱེས་རྗེས་གཅིག་གྱུར་ཐོག་འོ་ཐག་བཅད་དེ་དྲོད་ཁང་ནང་གསོས་ནས་རྒྱགས་གསོ་བྱས་ཏེ་ཟླ་6སོང་རྗེས་བཤས་གཏོང་ཐུབ་ཀྱི་ཡོད། སྟོང་པར་ལུས་པའི་རྩྭ་རར་ཕྱུགས་འཚོ་རེས་བྱེད་པའི་དུས་ཚོད་ཉིན་120རིང་དུ་བཏང་ནས་སྔོ་ལོག་གི་གཟན་རྩྭས་མ་མོ་30%གསོ་ཐུབ། ཉིང་ཞྭ་གྲོང་ཚོའི་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཀླུ་ཐར་རྒྱལ་གྱིས། “ན་ནིང་གྲོང་ཚོ་ཡོངས་སུ་ལུ་གུ་མགོ་གྲངས་4000ལྷག་ཙམ་བཤས་ཁོངས་སུ་བཏང་བ་དང་། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་ལུ་གུ་མགོ་གྲངས་6000ལྷག་ཙམ་བཤས་བཏང་ཡོད”ཅེས་བརྗོད།
མཉམ་ལས་ཁང་གི་གཉེར་སྐྱོང་ལའང་ཐབས་ལམ་ཡག་པོ་ཡོད་ཅིང་། གོང་རིམ་སྲིད་གཞུང་གིས་མ་དངུལ་བཏང་ནས་གྲོང་ཚོར་གསོ་ཚགས་རྟེན་གཞི་བཙུགས་པ་དང་། རྟེན་གཞིའི་དྲོད་ཁང་འབྲོག་པར་འགན་གཙང་སྤྲད་དེ་དྲོད་ཁང་རེར་ལོ་ལྟར་འགན་གཙང་གི་འགྲོ་གྲོན་སྒོར་ཁྲི་1འཇལ་བ་དེ་དག་ལུ་གུ་གསོ་བར་སྤྱོད་ཀྱི་ཡོད། མཉམ་ལས་ཁང་གིས་གཅིག་གྱུར་ཐོག་གཟན་ཆག་ཉོ་སྒྲུབ་བྱེད་པ་དང་གཅིག་གྱུར་ཐོག་ཚོང་ལམ་དང་འབྲེལ་བ་བྱེད་ཀྱི་ཡོད།
“གསལ་རྟོགས་གཱ”ཐོག་མར་ཁྱབ་གདལ་གཏོང་རིང་འབྲོག་པ་མང་པོ་ཞིག་གིས་དང་ལེན་བྱེད་ཀྱི་མེད་པ་ལྕགས་ཐར་ཚེ་རིང་གིས་གསལ་པོ་དྲན་གྱི་ཡོད། “ཁོང་ཚོས་མ་གནས་མཐོ་བ་མ་ཟད། གཟན་ཆག་གི་རིན་གོང་ཡང་མཐོ་པོ་ཡོད་པས་ཕྱིར་ཚོང་ཐད་སེམས་ཁྲལ་བྱེད་ཀྱི་ཡོད། དེས་ན་ཧྲུའུ་ཅི་རྒན་གྲས་ཀྱིས་འབྲོག་པ་ཏང་ཡོན་རྣམས་ཀྱི་སྣེ་ཁྲིད་དེ་སྔོན་ལ་ལུག་འཚོང་བ་དང་ཁྱུ་ཚོགས་བགོས་ནས་མཉམ་ལས་ཁང་ནང་ཞུགས་ཡོད། ཁོང་ཚོའི་རྩྭ་ར་སྔོ་ལྗང་དུ་གྱུར་པའི་ཁར་ཡོང་འབབ་ཀྱང་མང་དུ་ཕྱིན་པ་མཐོང་སྐབས་དེ་སྔོན་དེའི་ནང་ཞུགས་མེད་པའི་འབྲོག་པ་རྣམས་ཀྱང་ཕྱིན་ཆད་མཉམ་ལས་ཁང་ལ་ཞུགས་རྒྱུའི་འདུན་པ་ཆེ་རུ་སོང་ཡོད། ད་ཆ་ལོ་ལྟར་ཕྱུགས་རིགས་གཏན་འཁེལ(རྩྭ་ཐང་གི་རིགས་པའི་གཞུང་ལུགས་ནས་ཕྱུགས་རིགས་ཤོང་ཚད་གཏན་འཁེལ་བྱེད་པ། --རྩོམ་སྒྲིག་པའི་མཆན)བྱེད་སྐབས་འབྲོག་པ་རང་ཉིད་ཀྱིས་རྩིས་རྒྱག་པ་དང་ལེགས་སྒྲིག་བྱེད་ཀྱི་ཡོད”ཅེས་བརྗོད།
“སྐྱེ་ཁམས་ཀྱི་རྩིས་ཁྲ”ཆུང་ཆུང་ཞིག་ལས་རྩྭ་ཕྱུགས་དོ་སྙོམས་ཀྱི་རྩིས་ཡག་པོ་ཞིག་བརྒྱབ་ཡོད་པ་མ་ཟད། མིག་སྔའི་ཡོང་འབབ་དང་ཕུགས་ཀྱི་འཕེལ་རྒྱས་ལའང་རྩིས་ཡག་པོ་ཞིག་བརྒྱབ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།