དཀྱིལ་ཐང་གྲོང་རྡལ“ཕ་ལམ་བྱང་བུའི་གྲོང་རྡལ”ལ་གྱུར་དོན་ཅི།
ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་ཁམས་པའི་མི་རིགས་གྱོན་ཆས་བཟོ་གྲྭར་སྐྱོད་སྐབས། གུ་ཡངས་ཤིང་ཁམས་གཙང་བའི་ཐོག་སོ་གཉིས་པར་གནས་པའི་ཐོན་སྐྱེད་འཁོར་ཁང་དུ་བོད་ཆས་དང་། སློབ་གོས། དེ་བཞིན་གྱོན་ཆས་སྣ་ཚོགས་གྲལ་འགྲིག་པོས་བཤམས་ཤིང་། དེའི་ནང་བཟོ་རྩལ་ལེགས་ལ་ཚོན་མདངས་བཀྲ་བའི་བོད་ལྷམ་ནི་བཟོ་གྲྭའི་འགན་འཁུར་བ་བྱམས་པ་རིག་འཛིན་གྱིས་སྤོབས་པ་ཆེན་པོས་ངོམ་པའི་ཁྱད་ལྡན་ཐོན་རྫས་ཤིག་ཏུ་གྱུར་ཡོད།
“ང་ཚོའི་ཁྱིམ་གྱི་བོད་ལྷམ་བཟོ་རྩལ་འདི་མི་རབས་བདུན་རྒྱུན་འཛིན་ཐུབ་ཡོད་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་དུའང་ཚུད་ཡོད”ཅེས་ཤ་ཅུང་རིད་པའི་བྱམས་པ་རིག་འཛིན་གྱིས་རྒྱ་སྐད་བདེ་པོས་གསར་འགོད་པར་བཤད་བྱུང་།
2002ལོར་བྱམས་པ་རིག་འཛིན་གྱི་ཕས་བོད་ལྷམ་ལས་སྣོན་བཟོ་གྲྭ་བཙུགས་ནས་ད་བར་ལས་མི་52བར་འཕེལ་རྒྱས་སོང་བ་དང་བཟོ་ཁང་ལ་སྨི་ངོས་གྲུ་1200ཟིན་གྱི་ཡོད་ལ། 2023ལོར་ད་དུང་རྒྱལ་ཁབ་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔེ་སྟོན་ཁང་དུའང་བདམས་ཤིང་། གྲུབ་འབྲས་དེ་ལྟར་ཐོབ་དོན་ནི། བྱམས་པ་རིག་འཛིན་ཕ་བུ་གཉིས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། དངུལ་རྩའི་སྡེ་ཚན་གྱིས་རོགས་རམ་བྱས་པ་དང་ཡང་ཁ་འབྲལ་ཐབས་མེད།
2013ལོར་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་འདོད་པའི་བྱམས་པ་རིག་འཛིན་ཞིང་ལས་དངུལ་ཁང་དཀྱིལ་ཐང་གྲོང་རྡལ་ལས་གཉེར་ཁང་དུ་མི་ཚེའི་ནང་གི་དངུལ་བུན་དང་པོ་སྟེ་སྒོར་ཁྲི་3གཡར་བར་བསྐྱོད་པ་རེད། དེ་རྗེས་ཀྱི་ལོ་10ལྷག་ཙམ་རིང་། ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་འདུ་ཤེས་མཐའ་འཁྱོངས་དང་ཡིད་རྟོན་ཐོ་འགོད་བཟང་པོ་རྒྱུན་འཁྱོངས་བྱས་པས་ཁོང་ལ་དངུལ་བུན་མང་པོ་གཡར་རྒྱུ་བྱུང་ཡོད།
དངུལ་བུན་གཡར་རིམ་བཞིན་ལས་གཉེར་ཁང་གི་ལས་དོན་པས་ཁོང་ལ་ཐོན་སྐྱེད་ཀྱི་དགོས་མཁོ་གནད་སྨིན་མཐུན་སྦྱོར་བྱེད་རོགས་བྱས་ཏེ། མ་བཅོས་རྒྱུ་ཆ་ཉོ་སྒྲུབ་ནས་སྒྲིག་ཆས་རིམ་སྤོར་བར་དང་། བཟོ་ཁང་རྒྱས་སྐྲུན་ནས་ཁྲོམ་ར་གསར་འབྱེད་བར་གྱི་བརྒྱུད་རིམ་ཧྲིལ་པོར“མ་དངུལ་བསྡུ་སྒྲིལ་དང་རིག་ནུས་བསྡུ་སྒྲིལ་ཟུང་འབྲེལ”ཀྱི་ཞབས་འདེགས་ཞུས་ཡོད།
ད་ལོའི་ཟླ་གཉིས་པར་བྱམས་པ་རིག་འཛིན་ལ་བྲག་གཡབ་རྫོང་གི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་གོས་འབོར་ཆེན་བཟོ་བའི་གན་རྒྱ་རག་པ་དང་། དུས་འགོར་གྱོན་ཆས་ཀྱི་རྒྱུ་ཆ་ཉོ་བའི་དངུལ་སྔ་རྟིང་གཏོང་དགོས་སྟབས་ཁོང་གིས་སླར་ཡང་དངུལ་བུན་སྒོར་ཁྲི་150རེ་ཞུ་བྱས་ཡོད།
“བྱམས་པ་རིག་འཛིན་གྱི་ལས་གཏོད་ལོ་རྒྱུས་ནི་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་དང་དངུལ་རྩས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་དཔེ་མཚོན་ཞིག་རེད”ཅེས་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་ཡིད་རྟོན་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ཟླ་རྒྱལ་གྱིས་བརྗོད།
ཟླ་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་ཡིད་རྟོན་མ་ལག་འཛུགས་པའི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། སྲིད་གཞུང་དང་མཐུན་སྦྱོར་དང་ཞིང་འབྲེལ་གྱི་དངུལ་རྩའི་སྒྲིག་གཞིས་གནད་སྨིན་ཤུགས་འདོན་གྱིས“ཡིད་རྟོན་གྱི་རྫོང་དང་། ཤང(གྲོང་རྡལ) གྲོང་ཚོ། དུད་ཚང་བཅས”ལ་སྤྱི་འདོམས་དང་དཔྱད་བསྡུར་གཏན་འབེབས་དང་། “ཕ་ལམ་བྱང་བུའི་གྲོང་རྡལ”དང“ཕ་ལམ་བྱང་བུའི་གྲོང་ཚོ”སྐྱེད་སྲིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྤེལ་ཡོད། ཆོག་མཆན་ཐོབ་པའི་གྲོང་རྡལ་དང་གྲོང་ཚོར་སྲིད་གཞུང་དང་དངུལ་ཁང་གིས་མཉམ་དུ་བྱང་བུ་སྤྲོད་པའི་མཛད་སྒོ་འཚོགས་ཏེ། ས་ཡུལ་དངོས་སུ་ཞིང་འབྲོག་དུད་ཚང་ལ་ཕ་ལམ་གྱི་བྱང་བུ་སྤྲད་པ་མ་ཟད། “དངུལ་རྩའི་གྲོང་ཚོའི་ཀྲུའུ་རེན”གདན་ཞུའི་ལམ་སྲོལ་ཁྱབ་གདལ་བཏང་ནས་དངུལ་ཁང་དང་གྲོང་ཚོ་མཉམ་ལས་ཟབ་ཏུ་བཏང་སྟེ “མངོན་མེད་ཀྱི་ཡིད་རྟོན”དེ་ཞིང་འབྲོག་པས་མིག་མཐོང་ལག་འཛིན་ཐུབ་པའི“དངུལ་སྨར”དུ་འགྱུར་བར་བྱས་ཡོད།
ད་ལོའི་ཟླ་གསུམ་པར་དཀྱིལ་ཐང་གྲོང་རྡལ་འདི་ཉིད་ཆབ་མདོ་གྲོང་ཁྱེར་གྱི“ཕ་ལམ་བྱང་བུའི་གྲོང་རྡལ”ལ་ཐོག་མར་བདམས་པ་དང་། དེའི་ཁོངས་སུ“ཕ་ལམ་བྱང་བུའི་གྲོང་ཚོ”10དང་། ཡིད་རྟོན་དུད་ཚང་945ཚུད་ཡོད་པས། “གྲོང་རྡལ་དང་། གྲོང་ཚོ། དུད་ཚང”བཅས་ཀྱི་རིམ་གསུམ་ཡིད་རྟོན་མ་ལག་ཅིག་ཆགས་ཡོད།
ཡིད་རྟོན་ཁོར་ཡུག་བཟང་པོ་འཛུགས་སྐྱོང་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ཡག་པོ་ཐོབ་པའི་དབང་གིས་ད་ལོའི་ཟླ་གསུམ་པའི་ཟླ་མཇུག་བར། དཀྱིལ་ཐང་གྲོང་རྡལ་གྱི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1.79དང་སྒོར་དུང་ཕྱུར་1.09ཟིན་ནས་གཉིས་ཀ་སྒོར་དུང་ཕྱུར་ལས་བརྒལ་ཏེ། ཉེ་བའི་ལོ་3རིང་། རིམ་རྩིས་བརྒྱབ་ན་དངུལ་བུན་སྒོར་དུང་ཕྱུར་1.63བཏང་བར་གྲོང་རྡལ་ཡོངས་ཀྱི་ཞིང་འབྲོག་དུད་ཚང་254ཡིས“ཕ་ལམ་བྱང་བུ”ཡི་དངུལ་བུན་གཡར་བའི་འགྲོ་ལུགས་གཉེར་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།