དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བོད་དུ་སྐྱོད་སའི་འཕྲང་ལམ་དང་པོ”ཡི་འགྱུར་ལྡོག་ཆེན་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-08

    འདི་ནི་སྨར་ཁམས་བདག་སྐྱོང་དུམ་བུའི་ལས་བཟོས་ལྕང་ལུང་ཟམ་ཆེན་གྱི་མཐའ་འཁོར་དུ་སྐོར་ཞིབ་བྱེད་བཞིན་པ།

    སྨར་ཁམས་རྫོང་གི་ཧུང་ལ་རི་བོ་ནས་རྫ་ཆུའི་ལུང་གཞུང་ལ་རྒྱང་ལྟ་བྱས་ཚེ། རྒྱལ་ལམ་214རྒྱུད་ཀྱི་ཡུན་བོད་གཞུང་ལམ་ནི་གཡུ་འབྲུག་འཁྱུག་པ་དང་འདྲ་བར་ས་བབ་མཐོ་ཚད་སྨི་2500ཟིན་པའི་རྫ་ཆུའི་འགྲམ་ངོགས་ཀྱི་རི་གཤམ་དུ་གྱ་གྱུ་བསྲིངས་པ་དང་། མཐར་ས་བབ་མཐོ་ཚད་སྨི་4448ཟིན་པའི་ཉག་ཁ་ནས་བོད་དུ་སྐྱོད་སའི་འཕྲང་ལམ་དང་པོ་བསྒྲལ་ཡོད་པ་རེད།

    དེ་སྔོན། ས་བབ་གློ་བུར་དུ་མཐོ་རུ་ཕྱིན་པའི་ཁར་ལམ་མི་བདེ་བའི་རྐྱེན་གྱིས་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཙམ་གྱི་འགྲོ་ལམ་དེས་བོད་དུ་ཡོང་མཁན་ཁ་ལོ་བ་མི་ཉུང་བར་དཀའ་སྡུག་ཚད་མེད་བཟོས་ཤིང་། གྱེན་ལམ་དུམ་བུར་རླངས་འཁོར་གཏོང་བར་ཆུ་ཚོད་2ཡན་འགོར་གྱི་ཡོད་པ་རེད། 

    རྒྱལ་ལམ་214རྒྱུད་ཀྱི་སྨར་ཁམས་རྫོང་སྐར་མདའ་སྟེང་ནས་ས་མཚམས་ཆུ་བོའི་བར་གྱི་གཞུང་ལམ་ཉམས་གསོ་བདག་སྐྱོང་ལས་གྲྭ་མཇུག་འགྲིལ་བ་དང་བསྟུན། ད་ཆ་ཆུ་ཚན་ཁ་ཤང་ནས་ཆབ་ཞུགས་རོལ་རྗེས་སྣུམ་ནག་ལམ་གསར་པ་བརྒྱུད་ཕར་ངོགས་ཀྱི་བདག་དམར་གཡང་གངས་རིའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པར་འགྲོ་བ་དང་། ནགས་ཁྲོད་ཀྱི་སྤྲེའུ་སྤུ་སེར་དང་བསམ་ཡུལ་ལས་འདས་པའི་ངང་འཕྲད་པ་ནི་ལམ་བར་གྱི་ལོངས་སྤྱོད་ཅིག་ཏུ་གྱུར་ཡོད།

    སྨར་ཁམས་བདག་སྐྱོང་ལམ་དུམ་གྱི་འགན་འཁུར་བ་དང་སྒྲིག་བཤེར་ཨུ་ཡོན་ཁྲང་ཡའོ་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལམ་དུམ་དེའི་ཉམས་གསོ་བདག་སྐྱོང་གི་ལས་གྲྭ་སྤྱིའི་རིང་ཚད་ལ་སྤྱི་ལེ་67ཡོད་ཅིང་། ཡུན་ནན་དང་བོད་ལྗོངས་ཀྱི་འབྲེལ་མཚམས་ནས་ཧུང་ལའི་ཕར་ངོགས་ཀྱི་རི་འདབས་བར་བསྐྲུན་ཡོད་ལ། ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་9792བཏང་ནས་2025ལོའི་ཟླ་4པར་ལས་འགོ་ཚུགས་པ་དང་ཟླ་11པར་ལས་མཇུག་འགྲིལ་བ་རེད།

    རྒྱལ་ལམ་214ཡི་སྐར་མདའ་སྟེང་ནས་ས་མཚམས་ཆུ་བོའི་བར་གྱི་ལམ་དུམ་ནི་ཡུན་བོད་གཞུང་ལམ་གྱི་བོད་ཀྱི་ས་མཚམས་ཀྱི་ལམ་དུམ་དང་པོ་ཡིན་ལ། ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་དབོར་སྐྱེལ་དང་མི་སྣ་འགྲོ་འོང་དང་འབྲེལ་བ་ཡོད་པས། ལམ་རྒྱུད་ཀྱི་ཆུ་ཚན་ཁ་ཤང་དང་ཚྭ་ཁ་ལྷོ་འཇང་མི་རིགས་ཤང་གི་མང་ཚོགས་ཁྲི་ཚོ་ཡི་འགྲོ་སྐྱོད་ལ་ཕན་ཐོགས་ཀྱི་ཡོད་པ་རེད།

    སྨར་ཁམས་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པ་ལྟར་ན། 2025ལོར་ལམ་དུམ་དེ་བརྒྱུད་ནས་བོད་དུ་ཡོང་མཁན་མི་ཐེངས་ཁྲི་71དང་རླངས་འཁོར་ཐེངས་ཁྲི་19ཟིན་པ་དང་། བོད་ནས་ཐོན་མཁན་མི་ཐེངས་ཁྲི་47དང་རླངས་འཁོར་ཐེངས་ཁྲི་13ཟིན་ཡོད།

    “ལས་གྲྭ་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་རྗེས། ལམ་དུམ་ཤར་བགྲོད་ཀྱི་ཆ་རྐྱེན་ལ་རྩ་བའི་ཆ་ནས་ཡར་རྒྱས་ཕྱིན་ཏེ་བདེ་འཇགས་འགན་ལེན་གྱི་ནུས་པ་དང་ཤར་བགྲོད་ཀྱི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་། རླངས་འཁོར་ཤར་གཏོང་སྔར་བས་བརྟན་ཞིང་བདེ་བླག་བྱུང་ཡོད་པས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་དང་ས་ཆ་འདིའི་མང་ཚོགས་ཀུན་གྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་འདུག”ཅེས་ཁྲང་ཡའོ་ཆིང་གིས་སྤོབས་པ་ཆེན་པོས་བཤད།

    བགྲོད་ལམ་བདེ་ཞིང་སྙོམས་པ་དེ་ལས་ལམ་འགྲམ་གྱི་ཡུལ་མི་མང་ཚོགས་ཀྱི་འཚོ་བར་ཡང་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་བྱུང་ཡོད།

    རིན་དབང་ཁྱིམ་གྱི་ཁང་པ་གསར་པ་ནི་ཚྭ་ཁ་ལྷོ་འཇང་མི་རིགས་ཤང་འཇང་གྲོང་ཚོར་གནས་པ་དང་ཐོག་སོ་གསུམ་ཡོད་པར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་500ལྷག་ཟིན་ཞིང་། གྱང་དཀར་པོ་དང་མདའ་གཡབ་དམར་པོ་ནི་ཉི་འོད་ཁྲོད་བཀྲག་མདངས་འཚེར། རིན་དབང་གི་ཨ་ཕའི་མི་ཐོག་ནས་བཟུང་ཡུན་བོད་གཞུང་ལམ་ལ་བརྟེན་ནས་སྐྱེལ་འདྲེན་གྱི་ཚོང་ལས་བྱས་པ་དང་རྒྱང་ཐག་རིང་ཤོས་ཡུན་ནན་གྱི་ས་དམ་བར་སླེབས་ཀྱི་ཡོད། ཕ་བུ་མི་རབས་གཉིས་ཀྱིས་འབད་བརྩོན་བྱས་པ་བརྒྱུད་ད་ཆ་ཁྱིམ་དུ་ཡངས་ཤིང་རྒྱ་ཆེ་བའི་ཁང་པ་གསར་པ་བསྐྲུན་པ་མ་ཟད། ད་དུང་སྐྱེལ་འདྲེན་རླངས་འཁོར་4དང་། རྐོ་འདྲུའི་འཕྲུལ་འཁོར2 རང་འབེབས་རླངས་འཁོར་1བཅས་ཉོས་ནས་འཚོ་བ་ཡག་པོ་སྐྱེལ་བཞིན་ཡོད།

    “ན་ནིང་ང་ཚོའི་གྲོང་ཚོས་སྐྱེལ་འདྲེན་རུ་ཁག་སྒྲིག་འཛུགས་བྱས་ནས་རྒྱལ་ལམ་214ཉམས་གསོ་བདག་སྐྱོང་གི་ལས་གྲྭར་ཞུགས་པ་དང་། ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10ཡན་ཟིན་གྱི་ཡོད། ང་ཡང་དེའི་གྲས་ཡིན”ཞེས་རིན་དབང་གིས་འཛུམ་དམུལ་དམུལ་ངང་བཤད།

    ཁོང་གི་བལྟ་ཕྱོགས་ལ། ལམ་བཟོས་ནས་རག་པའི་ཡོང་འབབ་ནི་ཕྱོགས་གཅིག་ཙམ་རེད། ལམ་བཟོས་རྗེས་རང་ཡུལ་ལུང་པའི་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་དང་བདེ་འཇགས་ཡོད་པ་ནི་ད་གཟོད་ཡུན་རིང་པོ་དང་ཕན་པ་ཆེ་ཤོས་ལྡན་པའི་ཁེ་ཕན་ཞིག་རེད།

    ད་ལྟའི་ཆར། རིན་དབང་གི་ཨ་ཕས་རླངས་འཁོར་གཏོང་གི་མེད་པར་རང་ཁྱིམ་དུ་ཚེ་མཇུག་གི་བདེ་བར་རོལ་བཞིན་ཡོད། རིན་དབང་ཁོང་ལ་གྲུང་ཞིང་གཅེས་པར་འོས་པའི་བུ་ཕྲུག་གསུམ་ཡོད་ཅིང་། ཟླ་བ་གཅིག་སོང་རྗེས་ནང་མི་ཚང་མ་ཁང་པ་གསར་པའི་ནང་སྤོ་རྒྱུ་རེད།

    “ཁོང་ཚོས་ད་ནི་སྔོན་ཆད་ངས་ཨ་ཕ་ལ་སེམས་ཁྲལ་བྱེད་པ་ལྟར་ངའི་ཆེད་དུ་སེམས་ཁྲལ་བྱེད་དགོས་ཀྱི་མེད”ཅེས་རིན་དབང་གིས་བརྗོད་ཅིང་། ཁོང་གིས་བུ་ཕྲུག་ཚོར་ལྟ་བའི་མིག་མདངས་ཁྲོད་བྱམས་བརྩེའི་རྣམ་འགྱུར་གྱིས་ཁེངས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།