AIརིག་ནུས་གངས་ལྗོངས་ས་མཐོར་ཁྱབ།
——ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་ཆ་འཕྲིན་འཕྲིན་གཏོང་དང་ གྲངས་རིག་ཅན་གྱི་འཕེལ་རྒྱས་སྐོར་བཀོད་པ།
“ད་ཆ་ཐག་རིང་གི་གཉེན་ཉེ་དང་འབྲེལ་བ་ཆད་པའི་སེམས་ཁྲལ་བྱེད་དགོས་མི་འདུག འོད་ཤུགས་གློག་དྲ་ཤར་གཏོང་ཐུབ་པས་ངའི་སེམས་ནད་ཀྱང་སངས་སོང”ཞེས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་འབྲོག་པ་ལྷག་པ་ཚེ་རིང་གིས་དགོད་བཞིན་བཤད།
ལྷ་ས་ནས་ཡར་ཀླུང་གཙང་པོ་བརྒྱུད་དེ་ནུབ་ཕྱོགས་སུ་བསྐྱོད་ནས་གམ་པ་ལ་བརྒྱབ་ཚེ། ཆ་སྙོམས་ས་བབ་མཐོ་ཚད་སྨི་5373ཡོད་པའི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཤང་འདིར་སླེབས། དེ་སྔ་ལྷག་པ་ཚེ་རིང་གིས་ཕྱི་ཕྱོགས་དང་ཁ་པར་རྒྱག་དགོས་ཚེ་རྟ་ཆུ་ཚོད་གཉིས་ཙམ་བཞོན་ནས་ཤང་སྲིད་གཞུང་གི་ཉེ་འགྲམ་དུ་འབྱོར་ན་གཞི་ནས་བརྡ་རྟགས་སླེབས་ཀྱི་ཡོད། དགུན་དཔྱིད་གཉིས་སུ་སྐྱས་སྤོ་བྱེད་སྐབས། ཁྱིམ་དུ་ཡོད་པའི་རྒན་རྒོན་དང་ཕྲུ་གུའི་བདེ་ཐང་གནས་ཚུལ་ཡང་འབྲོག་པ་ཕན་ཚུན་ལན་བསྐུར་རེས་བྱེད་པ་ཁོ་ནར་བརྟེན་དགོས་ཀྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་མེད།
2019ལོར་རང་ལྗོངས་སུ་5Gབསྐྲུན་འགོ་ཚུགས་ཚུན། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་“སྲོག་གནས་དཀའ་ཁུལ”དེར་འོད་སྐུད་དང་སྦྲེལ་ཚུགས་བཙུགས་ནས་ལྷག་པ་ཚེ་རིང་གནས་སའི་ཕུ་མ་བྱང་ཐང་ཤང་དུ་འོད་ཤུགས་གློག་དྲ་ཁྲིད་ཡོད། ལན་བསྐུར་རེས་བྱེད་པ་ནས་ལག་ཐོགས་ཁ་པར་ནས་འཛམ་གླིང་དང་སྦྲེལ་མཐུད་ཐུབ་པའི་བར་གྱི་གཏམ་རྒྱུད་དག་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་མངོན་འགྱུར་བྱུང་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་རང་སྐྱོང་ལྗོངས་ཀྱི“གྲངས་འཛིན་བོད་ལྗོངས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། མ་དངུལ་དང་ཤེས་ལྡན་མི་སྣ་དང་། རྩིས་དྲ་མཐུན་སྦྱོར། ཚན་རྩལ་གསར་གཏོད་ཀྱི་ལག་རྩལ་བཅས་འདེགས་སྐྱོར་དུ་བྱས་ནས་འཕྲིན་གཏོང་དང་། རྩིས་ནུས། རིག་ནུས་བཅས་ལས་སྒོ་གཙོ་བོ་གསུམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་འོད་དྲ་ཡོངས་སུ་ཁྱབ་པའི་ཆ་འཕྲིན་འཕྲིན་གཏོང་དྲ་རྒྱ་དང་གྲངས་རིག་ཞབས་ཞུའི་ལས་སྟེགས་རིམ་བཞིན་བསྐྲུན་ཡོད།
བོད་ཀྱི་འཕྲིན་གཏོང་ས་ཁྲ་ཁ་ཕྱེ་སྐབས། སྐར་ཚོགས་བཀྲམ་པ་ལྟར་གྱི་སྦྲེལ་ཚུགས་ཀྱིས་གངས་ལྗོངས་ས་མཐོར་མཛེས་རྒྱན་སྤྲས་ནས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་4Gདང་5Gདྲ་རྒྱ་ཁྱབ་ཡོད། 2020ལོའི་ཟླ་4པར་ཀུང་སིས་ས་བབ་སྨི་6500ཡི་སར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་5Gསྦྲེལ་ཚུགས་བཙུགས་ནས་ཀྲུང་གོའི་5Gའཛམ་གླིང་ཡང་རྩེར་ཁྱབ་པར་བྱས་ཡོད། 2024ལོའི་ཟླ་4པར་ཇོ་མོ་གླང་མའི་5G—Aསྦྲེལ་ཚུགས་བསྐྲུན་ནས་འཕྲིན་གཏོང་དང་ཤེས་ཚོར་གྱི་གཞི་གཅིག་ཅན་བརྒྱུད་གཏོང་མངོན་འགྱུར་ཐུབ་པས། འཛམ་གླིང་ཡང་རྩེར་གྲངས་གཞི་བརྒྱུད་གཏོང་ཐུབ་པ་མ་ཟད། ཁོར་ཡུག་ཀྱང་ཤེས་ཚོར་ཐུབ་ཀྱི་ཡོད།
མིག་སྔའི་བར། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་282བཏང་ནས་འོད་སྐུད་སྤྱི་ལེ་ཁྲི་48.2འཁྲིད་པ་དང་སྦྲེལ་ཚུགས་ཁྲི་3.6བཙུགས་པའི་ནང་5Gསྦྲེལ་ཚུགས་ཁྲི་1.6ཡོད་པ་དང་མི་ཁྲི་རེར་5Gསྦྲེལ་ཚུགས་46ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་འོད་སྐུད་དྲ་ཆེན་དང་4Gདྲ་རྒྱ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་སྲིད་འཛིན་གྲོང་ཚོ་97%ལ་5Gཤར་གཏོང་ཐུབ་ནས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་ཆ་འཕྲིན་འཕྲིན་གཏོང་དྲ་རྒྱ་བསྐྲུན་ཡོད།
འཕྲིན་གཏོང་དྲ་བས་ཆ་འཕྲིན་གྱི་མྱུར་བགྲོད་གཞུང་ལམ་བཏིང་བ་དང་རྩིས་ནུས་དེ་ནུས་ཆེའི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བའི་གྲངས་འཛིན་གྱི་སྒུལ་བྱེད་འཕྲུལ་འཁོར་དུ་གྱུར་ཡོད། ལྷ་ས་མཐོ་གསར་ཁུལ་དུ་སྐྱོད་སྐབས། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ལྷ་ས་གྲངས་གཞིའི་ལྟེ་གནས་ཀྱི་འཕྲུལ་ཁང་དང་པོའི་ནང་འཕྲུལ་སྒྲོམ་3000གྲལ་སྟར་འགྲིག་པོས་བཞག་ཡོད་པ་དང་གྲངས་གཞི་ཁྲི་སྟོང་མང་པོ་ཡང་དེ་ནས་བརྒྱུད་གཏོང་བྱེད་ཀྱི་ཡོད། 2026ལོའི་ཟླ་3པར་ཀུང་སིས་བོད་ཀྱི་སྟོང་གཱ་RISC—Vསྒྲོམ་གཞིའི་རྩིས་ནུས་ཐོག་མ་དེ་རྩིས་སྤྲོད་དང་གཉེར་སྐྱོང་བྱས་ནས་རང་སྐྱོང་ལྗོངས་ཀྱི་རིག་རྩིས་ཐོག་མར་དར་སྤེལ་གཏོང་མཁན་དུ་གྱུར་ནས་གཙོ་བོ་རིག་ལྡན་སྲིད་དོན་དང་། ཐོན་ལས་གྲངས་འཛིན་ཅན། དམངས་འཚོའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་AIབཀོལ་སྤྱོད་དོན་འཁྱོལ་ལ་འདེགས་སྐྱོར་བྱས་ཏེ་རང་རྒྱལ་ནས་ཐོན་པའི་རྩེར་སོན་རྩིས་ནུས་ཀྱི་སྟོང་ཆ་གསབ་ཡོད།
གྲངས་རིག་ལ་བརྟེན་ནས་བོད་དར་རྒྱས་གཏོང་དགོས་ན་མཐའ་མར་ཁེ་སྤོགས་གྲོང་ཁྱེར་ནས་འབྲོག་ཁུལ་དང་སྤྲིན་ཚོམ་ནས་ཁྱིམ་ཚང་དུ་ཁྱབ་པར་བྱེད་དགོས། རིག་ལྡན་ཞིང་འབྲོག་ཁྱབ་ཁོངས་སུ་ཀུང་སིས་ཁོར་ཡུག་ཤེས་ཚོར་དྲ་རྒྱ་དང་། གློག་རྡུལ་ཐོབ་ཐང་མ་ལག རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་བཅས་བཀོད་སྒྲིག་བྱས་པས། གྲངས་འཛིན་གྲོང་གསེབ་ཀྱི་དཔེ་སྟོན་གྲོང་ཚོ་140ལྷག་ཙམ་མང་དུ་ཕྱིན་ཡོད། རིག་གནས་ཡུལ་སྐོར་ཁྱབ་ཁོངས་སུ་ཐད་གཏོང་བྱས་པ་བརྒྱུད་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ་དང་། འཕྲིན་གཏོང་དྲ་རྒྱ་སྟོབས་ཆེན་ལ་བརྟེན་ནས་ཐག་རིང་འབྲོག་ཁུལ་གྱི་དྲ་ཐོག་ཚོང་དོན་གྱི་ཐུམ་སྒྲིལ་ནུས་པ་ཆེ་རུ་ཕྱིན་པ་དང་ས་མཐོའི་ཞིང་འབྲོག་པའི་གྲངས་རིག་འཚོ་བ་དེ་བས་སྟབས་བདེ་རུ་ཕྱིན་ཡོད། 2026ལོའི་ཟླ་3པར་གོ་ལ་ཧྲིལ་པོའི་བོད་སྐད་ཡིག་གི་མི་ཐབས་རིག་ནུས་ཐོག་མ་DeepZangལྷ་སར་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་ནི་ལས་རིགས་ཀྱི་མཉམ་ལས་ཚན་པ་འབའ་ཞིག་ཡིན་པའི་ངོས་ནས་རྩིས་ནུས་ཀྱི་འདེགས་སྐྱོར་བྱས་ཏེ་བོད་སྐད་ཀྱི་AIལག་རྩལ་སྲིད་དོན་དང་སློབ་གསོ་སོགས་ཁྱབ་ཁོངས་སུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བས་གོ་ལ་ཧྲིལ་པོའི་བོད་སྐད་ཀྱི་མི་ཐབས་རིག་ནུས་ལག་རྩལ་གྱི་སྟོང་ཆ་བསྐངས་ཏེ་མི་རིགས་སྐད་ཡིག་རིག་གནས་གྲངས་འཛིན་ཅན་རྒྱུན་འཛིན་ལ་གསོན་ཤུགས་གསར་པ་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།