ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་གནང་བ།

འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཐུང་ལུན་དང་སྐུ་ཟླ་ནཱ་ལི་དང་ལྷན་བཞུགས་སྐུ་པར་སྐྱོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཐུང་ལུན་གྱིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ལོ་སིའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་མུ་མཐུད་བཞེས་པར་སླར་ཡང་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། ཀྲུང་གོ་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ལོ་སི་དེ་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩིས་ཏེ་ལོ་སིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་སྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། ལོ་སི་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མཐུན་སྒྲིལ་རོགས་རེས་དམ་ཟབ་བཅས་བྱས་ནས་ཀྲུང་གོ་དང་ལོ་སིའི་དབར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཞིང་། ལག་གདང་སྦྲེལ་ནས་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལོ་སིའི་དབར་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་ཚད་གཞི་མཐོ་པོ་དང་། སྤུས་ཚད་མཐོ་པོ། ཆུ་ཚད་མཐོ་པོ་བཅས་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐད་དགོངས་ཚུལ་བཞི་བཏོན་གནང་བ་སྟེ།
གཅིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། ཕྱོགས་གཉིས་པོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་གུང་ཁྲན་ཏང་གི་སྲིད་འཛིན་གནས་བབ་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཏང་གཉིས་ཀྱི་ལོ་ལྔའི་མཉམ་ལས་འཆར་གཞི་ལག་བསྟར་ཡག་པོ་བྱས་ནས་ཏང་དང་རྒྱལ་ཁབ་བཅོས་སྐྱོང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས་ཀྱི“3+3”འཐབ་ཇུས་ཀྱི་གླེང་མོལ་ལམ་སྲོལ་འཛུགས་པ་གོ་སྐབས་སུ་བྱས་ཏེ། ཁྲིམས་སྒྱུར་བདེ་འཇགས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།
གཉིས་ནས་གཉིས་ཕན་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། ཀྲུང་གོས་ལོ་སི་དང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་འཕར་གཞི་རྒྱ་སྐྱེད་གཏོང་འདོད་ཡོད། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་བགྲོད་ལམ་ཡག་ཤོས་ཀྱི་དགེ་མཚན་ལ་གཞི་ཚུགས་ཏེ། ལམ་རྒྱུད་གསར་སྤེལ་དང“ས་གནས་གཅིག་ལ་ཞིབ་བཤེར་གཉིས”ལ་སྐུལ་འདེད་དང་ཀྲུང་གོ་དང་ལོ་སིའི་དཔལ་འབྱོར་བར་ཁྱམས་མཉམ་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་ཀྱི་ལྕགས་ལམ་འབྲེལ་མཐུད་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ས་ཁོངས་ནང་ཁུལ་གྱི་གཞི་ཁྱོན་སྔར་བས་ཆེ་བའི་འབྲེལ་མཐུད་སྔ་ཙམ་ཡོང་བ་བྱེད་དགོས།
ཞིང་ལས་དང་གློག་ཤུགས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་ལ་རང་ནུས་གང་ལྕོགས་ཀྱི་རོགས་རམ་མུ་མཐུད་བྱེད་འདོད་ཡོད།
གསུམ་ནས་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་བརྟན་དུ་གཏོང་དགོས་ཤིང་། ཕྱོགས་གཉིས་པོས་ད་ལོའི“ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་ལོ”ཡི་གོ་སྐབས་དམ་པོར་བཟུང་ནས་རིག་གནས་དང་། སློབ་གསོ། འཕྲོད་བསྟེན། ས་གནས་སོགས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་ལོན་དང་འཆམ་མཐུན་གང་ལེགས་ཡོང་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་མཉམ་དུ་ཤེས་ལྡན་པ་གསོ་སྦྱོང་བྱས་ནས“ཆུང་ལེགས”ཀྱི་དམངས་འཚོའི་རྣམ་གྲངས་སྔར་བས་མང་པོ་ལག་བསྟར་བྱེད་འདོད་ཡོད།
བཞི་ནས་ཕྱི་ཕྱོགས་སྲིད་ཇུས་ཀྱི་མཐུན་སྦྱོར་ནུས་པ་ཆེ་རུ་གཏོང་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ལོ་སིས་དུས་ཡུན་རིང་པོར་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་རྒྱབ་སྐྱོར། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་པ། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་བསྟོད་བསྔགས་ཞུ་གི་ཡིན། སླད་ཕྱིན་ལོ་སིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་སྔར་བས་ཆེན་པོ་འདོན་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས་པ་བཅས་རེད།
ཐུང་ལུན་གྱིས། ད་ཐེངས་ནི་ངས་ལོ་སི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་མུ་མཐུད་ཁུར་ཚུན་གྱི་དངོས་གཞིའི་འཚམས་འདྲིར་ཡོང་ཐེངས་དང་པོ་དེ་ཡིན། ལོ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བ་དང“ལོ་སི་དང་ཀྲུང་གོའི་མཛའ་གྲོགས་ལོ”ཏག་ཏག་འཁེལ་བས་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་སི་ཕྱོགས་ཀྱིས་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ལོ་སིར་བརྩེ་སེམས་ཟབ་མོ་བཅངས་ནས་རྩ་ཆེའི་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་འཚམས་འདྲི་བྱེད་རིང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་ང་རང་གིས་མཐོང་བྱུང་། ཀྲུང་གོ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིད་སྟོན་དར་ཆ་ལྟ་བུ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་སྣེ་མང་འཛམ་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་མཁན་སྲོག་ཤིང་ཀ་རྟེན་ལྟ་བུར་གྱུར་ཡོད། ཀྲུང་གོའི་འཕེལ་རྒྱས་འདིས་ལོ་སི་ཚུད་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔྱད་གཞིར་འཛིན་ཆོག་པའི་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད། མིག་སྔར་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ལོ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་ཞུ་གི་ཡོད། ལོ་སི་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བའི་ངེས་གནས་མཐོ་རུ་གཏོང་རྒྱུར་ཡིད་མཐུན་ཆེན་པོ་ཡོད་ལ་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡིན། སླད་ཕྱིན་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་དང་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ཟབ་ཏུ་གཏོང་བ། དྲ་བའི་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་སོགས་ལ་མཉམ་དུ་རྡུང་རྡེག་གཏོང་བ། དཔལ་འབྱོར་ཚོང་དོན་དང་། མ་འཇོག གཏེར་ཁའི་ཐོན་ཁུངས་གསར་སྤེལ། ནུས་རྒྱུ་གཙང་མ། གྲངས་འཛིན་དཔལ་འབྱོར། དེང་རབས་ཞིང་ལས། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ལོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དེ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
གྲོས་མོལ་མཇུག་འགྲིལ་རྗེས་ཕྱོགས་གཉིས་པོས་ཏང་དབར་དང་། དམངས་འཚོ། དངུལ་རྩ། འགག་སྒོ། དཔལ་འབྱོར་ཚོང་དོན། གཞོན་ནུའི་འགྲོ་འོང་། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།
གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཐུང་ལུན་དང་སྐུ་ཟླ་ནཱ་ལིར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་དང་། ཐུང་ལུན་དེ་གར་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་གྲལ་བསྒྲིགས་ནས་གུས་འདུད་ཞུས་པ། ཞི་ཅིན་ཕིང་དང་ཐུང་ལུན་རྣམ་གཉིས་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ། གནམ་བདེ་སྒོ་མོའི་ཐང་ཆེན་ནས་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཐུང་ལུན་གྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིམ་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ། ལོ་ཆུང་བྱིས་པ་ཚོས་མེ་ཏོག་ཆུན་པོ་དང་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་ཏང་དར་དང་རྒྱལ་དར་གཡུག་གཡུག་བྱས་ནས་དགའ་འབོད་དང་གུས་འདུད་ཞུས་པ་རེད།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཐུང་ལུན་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
འབྲེལ་ཡོད་གསར་འགྱུར།