དབུ་ཤོག
  • གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བ།

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་། ཕྱུག་འགྱུར་དར་རྒྱས་ལམ་བུ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-07

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4400ཡན་ཟིན་པའི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་ས་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་ས་རྒོད་སྐྱ་མོར་ཅི་ཡང་སྐྱེ་ཡི་མེད། དུས་ཡུན་རིང་པོའི་ནང་། ས་གནས་དེ་གའི་ཞིང་འབྲོག་པས་ཞིང་འབྲོག་ལས་གཉེར་སྐྱོང་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་ཅིང་། ཐོན་ལས་གྲུབ་ཆ་རྐྱང་པ་ཡིན་ལ་འབབ་འཕར་ཐབས་ལམ་ཉུང་བས་འཕེལ་རྒྱས་ཀྱི་གོམ་སྟབས་ཅུང་འགོར་ཙམ་ཡོད།

    རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་བྱ་ཆེད། ས་སྐྱ་རྫོང་གིས“ཆུང་ལ་ཁྱད་ཆོས་ལྡན་པ་དང་། ཆུང་ལ་སྤུས་ཀ་དག་པ། ཆུང་ལ་ལེགས་ཆ་ལྡན་པ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམིགས་ཏེ་སྐྱེ་ཁམས་གཟན་རྩྭ་དང་། འབབ་འཕར་ལི་གྲོ ཁྱད་ལྡན་སྨན་རྩྭ་བཅས་ཁྱད་ལྡན་ཐོན་ལས་ཆེན་པོ་གསུམ་གོང་འཕེལ་གཏིང་ཟབ་བཏང་སྟེ་ས་མཐོའི་སྤྱིར་བཏང་གི་རྩྭ་སྣ་དེ་དག་གངས་ལྗོངས་ཀྱི་ས་གཞི་གཤིན་པོར་རྩ་བ་ཚུགས་པ་དང་རིམ་བཞིན་སྐྱེ་འཚར་བྱུང་ནས་ས་མཐོའི་གྲོང་གསེབ་ལ་སྐྱེ་སྟོབས་གསར་པ་རྒྱས་ཤིང་། ཐོན་ལས་དར་བ་དང་། སྐྱེ་ཁམས་མཛེས་པ། མི་སེར་ཕྱུག་པ་བཅས་ཀྱི་དར་རྒྱས་ཀྱི་རྒྱུགས་ལན་ཞིག་རིམ་བཞིན་འབུལ་འགོ་བརྩམས་ཡོད།

    གཟན་རྩྭ་བཏབ་ནས་ས་མཐོའི་གཏན་འཁྱོངས་སྐྱེ་སྟོབས་བསྲུངས།

    ས་སྐྱར། གཟན་རྩྭར“འཚོ་རྟེན་གྱི་རྩྭ”ཞེས་མིང་དམིགས་བསལ་ཅན་ཞིག་ཡོད། དེ་ནི་གཟན་རྩྭ་དེ་འབྲོག་ལས་ཀྱི་ཐོན་འབབ་བརྟན་པོ་དང་ཡོང་འབབ་འཕར་བའི་འཚོ་རྟེན་ཡིན་པས་རེད། དེ་དང་ཆབས་ཅིག དེ་ནི“སྐྱེ་ཁམས་རྩྭ”ཡང་ཡིན་ཞིང་། ས་ཆུ་སྲུང་འཛིན་བྱས་ཏེ་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཞིན་ཡོད་པས་རེད།

    གྲངས་གཞི་ནི་དཔང་རྟགས་ཁུངས་བཙན་ཤོས་ཡིན། 2023ལོར་གཞི་ཁྱོན་ཆེན་པོས་འཕེལ་རྒྱས་བཏང་ཚུན། རྫོང་ཡོངས་ཀྱི་མི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་ཁྱོན་ལོ་ལྟར་མུའུ་ཁྲི་5ཡན་ཟིན་པ་དང་ཐོན་རྫས་རིན་ཐང་ལོ་བསྟུད་མར་འཕར་ཞིང་། གཟན་རྩྭས་རྫོང་ཡོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་བའི་རྐང་པ་བརྟན་པོ་ཞིག་བཙུགས་ཡོད།

    “དེ་སྔ་དགུན་དཔྱིད་ནམ་དུས་གཉིས་བརྗེ་བའི་སྐབས་སུ་གཟན་རྩྭ་མི་འདང་བར་ནོར་ལུག་ཤ་ཤེད་ཉམས་པའི་སེམས་ཁྲལ་ཡོད”ཅེས་ས་སྐྱ་རྫོང་གཟན་རྩྭ་ཆེད་དོན་ཚན་ཁག་གི་འགན་འཁུར་བ་ཕན་ཐོགས་ཀྱིས་དེ་སྔའི་དཀའ་གནད་བགྲང་། ད་ཆ། ཡུག་འབྲེལ་ཚད་ལྡན་ཅན་གྱི་འདེབས་འཛུགས་ཀྱིས་གཟན་རྩྭ་མཁོ་སྤྲོད་བརྟན་པོ་ཐུབ་ནས་འབྲོག་ལས་སྤུས་འབྲས་ལེགས་གཉེར་བྱུང་ཡོད། 2025ལོར། རྫོང་ཡོངས་ཀྱི་ཤ་སྒོང་འོ་མའི་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་2.53ཟིན་པ་དང་། འབྲོག་ལས་ཀྱི་སྤུས་ལེགས་རྒྱུད་བཟང་ཁྱབ་གདལ་གཏོང་ཚད་མགོ་གྲངས་ཁྲི་ལྷག་ཙམ་ཟིན་ཡོད་པ་རེད།

    དེ་ལས་ལྷག་པ་ཞིག་ནི་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་དེ་རེད། ཡུག་འབྲེལ་གྱི་མི་ཐབས་ལ་བརྟེན་ནས་བཏབ་པའི་གཟན་རྩྭས་ས་ཆུ་སྲུང་འཛིན་དང་རླུང་འགོག་བྱེ་འཇགས་ཐུབ་པ་མ་ཟད། རང་བྱུང་རྩྭ་རར་ཕྱུགས་འཚོ་བའི་གནོན་ཤུགས་ཀྱང་ཆུང་དུ་ཕྱིན་ནས་ཞན་འགྱུར་རྩྭ་ར་ཉམས་པ་སོར་ཆུད་ཐུབ་པས“ཐོན་ལས་དར་བ་དང་སྐྱེ་ཁམས་མཛེས་པའི”འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད། མིག་སྔར། ས་སྐྱར་གཟན་རྩྭ་འདེམས་གསོ་དང་། འདེབས་འཛུགས། བརྔ་བསྡུ། མཛོད་ཉར། གསོ་ཚགས་བཀོལ་སྤྱོད་བཅས་ཆ་ཚང་བའི་ཐོན་ལས་འཁོར་འབྲེལ་ཞིག་ཆགས་ཤིང་། “སྐྱེ་ཁམས་གཟན་རྩྭ”ཡིས་ས་མཐོའི་སྐྱེ་ཁམས་ཀྱི་སྲུང་བཅད་བརྟན་དུ་བཏང་ཡོད་ལ། གྲོང་གསེབ་ཀྱི་ཐོན་ལས་རྨང་གཞིའང་བརྟན་དུ་བཏང་ཡོད།

    ལི་གྲོ་བཏབ་ནས་མང་ཚོགས་ཀྱི་བདེ་སྐྱིད་བརྟན་པོར་བསྐྱངས།

    ས་སྐྱ་རྫོང་བྲག་མཇུག་ཤང་དུ་མུའུ་ཁྲི་ཟིན་པའི་ལི་གྲོ་འདེབས་འཛུགས་རྟེན་གཞི་ཡུག་གཅིག་ཏུ་ཁྱབ་ཡོད་ཅིང་། གསེར་མདོག་གི་ས་ཞིང་གཤིན་པོ་ལས་ཡུལ་ལུང་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་གྱི་རེ་བ་གསར་པ་སྦྱིན་བཞིན་ཡོད། ས་ཆ་དེ་གའི་ས་ཞིང་དེ་ཙམ་ཡག་པོ་མེད་པ་དང་སྲོལ་རྒྱུན་གྱི་ལོ་ཏོག་ཐོན་འབབ་བརྟན་པོ་མེད་པའི་གནས་ཚུལ་ལ་དམིགས་ཏེ་ས་སྐྱ་རྫོང་གིས་ཐ་ཞིང་ལ་འཕྲོད་པ་དང་། ཐན་སྐྱོན་འགོག་པ། ས་བབ་མཐོ་སར་འཚམ་པ་བཅས་ཀྱི་ལི་གྲོ་ནང་འདྲེན་བྱས་ནས་དེ་སྔ་བེད་མེད་དུ་ལུས་པའི་ས་ཞིང་དེ་ཚོ་འབབ་འཕར་གྱི་ས་ཞིང་གཤིན་པོར་བསྒྱུར་ཡོད།

    2023ལོར་ཧྲང་ཧའེ་ཡི་ཁ་གཏད་བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས་ས་སྐྱ་རྫོང་གིས་ཀྲུང་ལི་མཐོ་བའི་ཚན་རྩལ(ས་སྐྱ)ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཤིང་།“ཁེ་ལས་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་དེ་ས་ཞིང་བརྒྱུད་བཤུག་དང་མངགས་ཐོ་མཉམ་ལས་བྱས་པ་བརྒྱུད། བྲག་མཇུག་ཤང་གི་སྲིད་འཛིན་གྲོང་ཚོ་8ཀྱི་ས་ཞིང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གཞི་ཁྱོན་ཅན་གྱི་ལི་གྲོ་འདེབས་འཛུགས་ལ་ཚད་གཞི་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ་བེད་མེད་དུ་ལུས་པའི་ས་ཞིང་རིན་ཐང་འཕར་བའི་རྒྱུ་ནོར་དུ་འགྱུར་བར་བྱས་པ་རེད།

    ས་ཞིང་བརྒྱུད་བཤུག་ལས་ཕན་འབྲས་བརྟན་པོ་བྱུང་བ་མ་ཟད། ད་དུང་ཡུལ་ལུང་དེ་གའི་མང་ཚོགས་ལ་སྒོ་རྩར་ལས་ཞུགས་འབབ་འཕར་ཡང་ཐུབ་ཡོད། བྲག་མཇུག་ཤང་སྲད་རྒོད་གྲོང་ཚོའི་ཡུལ་མི་ཉི་མ་བཀྲ་ཤིས་ཀྱི་ནང་མི་བཅུ་པོ་དེ་དག་སྔོན་ཆད་སྲོལ་རྒྱུན་གྱི་འདེབས་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་ལ་འབྱོར་འཁོས་ཞན་ཙམ་རེད། ལི་གྲོ་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱས་པའི་ཁར་ཞིང་འཕྲུལ་གྱི་ལས་ཀར་ཞུགས་པ་ནས་བཟུང་། ཁོང་གཅིག་པུས་ལོ་གཅིག་ལ་སྒོར་ཁྲི་ལྔ་དྲུག་གསོག་ཐུབ་ནས་ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་ལེགས་སུ་ཆེས་ཆེར་སོང་ཡོད། “ས་རྒོད་དུ་འབབ་འཕར་ལི་གྲོ་སྐྱེས་པས་ཁྱིམ་གྱི་སྒོ་རྩར་ཡོང་འབབ་གསོག་ཐུབ་ལ་ཁྱིམ་ཚང་ལ་ལྟ་སྐྱོང་ཡང་བྱེད་ཐུབ། འཚོ་བ་སྔར་བས་ཡར་རྒྱས་སུ་འགྲོ་བཞིན་ཡོད”ཅེས་ཉི་མ་བཀྲ་ཤིས་ཀྱིས་དགའ་སྤྲོའི་ངང་བཤད།

    ལི་གྲོའི་སྙེ་རྐང་རེ་རེས་ས་རྒོད་གཤིན་པོར་གྱུར་བ་མ་ཟད། ཡུལ་ལུང་དེ་གའི་མང་ཚོགས་ཀྱི་འབབ་འཕར་གྱི་རེ་བ་དེ་བས་བརྟན་པོར་བསྐྱངས་ནས་ཡུལ་མི་ཀུན་གྱི་འབབ་འཕར་གྱི་ལོ་ཏོག་ཏུ་གྱུར་ཡོད།

    གུར་གུམ་བཏབ་ནས་རྫོང་ཁོངས་ཐོན་ལས་ཀྱི་མིང་བྱང་གསལ་པོར་བཟོས།

    ས་སྐྱ་རྫོང་གི་གུར་གུམ་འདེབས་འཛུགས་དྲོད་ཁང་དུ་གུར་གུམ་སྡོང་རྐང་གསོ་བའི་དུས་སུ་སླེབས་ཤིང་། བཀྲག་མདངས་ཆེ་བའི་སྐྱེ་དངོས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད་པ་རེད། ཧྲང་ཧའེ་བོད་སྐྱོར་ལག་རྩལ་གྱི་རོགས་སྐྱོར་ལ་བརྟེན་ནས་ས་སྐྱ་རྫོང་གིས་ཚད་ལྡན་ཅན་གྱི་གུར་གུམ་གཞི་ཁྱོན་ཅན་གྱི་སྐྱེད་སྲིང་རྟེན་གཞི་བསྐྲུན་ནས་ས་བབ་མཐོ་བའི་ཡུལ་ལུང་གི་སྤུས་ལེགས་གུར་གུམ་འདེབས་འཛུགས་ཀྱི་ཐོན་ལས་ཐད་ཀྱི་སྟོང་ཆ་བསབས་པ་རེད།

    གུར་གུམ་ཐོན་ལས་ལ་ལས་མི་བབ་བསྟུན་ངང་སྤྱད་པ་དང་དམངས་རོགས་འབབ་འཕར་བྱས་པའི་ཕན་འབྲས་མངོན་གསལ་དོད་ཅིང་། འདེབས་འཛུགས་དང་སྔོག་འཐུའི་དུས་ཚིགས་འཆར་རིམ་བཞིན་རྟེན་གཞིས་ཉེ་འཁོར་གྱི་གྲོང་མི་ཐག་ཉེ་སར་ལས་ཀ་བྱེད་པར་བསྡུ་བ་དང་། མང་དུས་སུ་ཉིན་རེར་ལས་མི་སུམ་ཅུ་ནས་ལྔ་བཅུ་ཙམ་སྤྱོད་ཀྱི་ཡོད། ནང་པ་སྐྱིད་གྲོང་ཚོའི་ཡུལ་མི་ཚེ་རིང་གིས་རྟེན་གཞིར་ལས་ཀ་བྱས་ནས་ལོ་3ཙམ་འགྲོ་ཡི་ཡོད་ལ་ཁོང་གིས“ཉིན་རེར་སྒོར་180རག་གི་ཡོད་པས་ཁྱིམ་ཚང་གི་འགྲོ་སོང་འཕྱིད་པ་མ་ཟད། ནང་མིར་ལྟ་སྐྱོང་ཐུབ་པ་དང་ལག་རྩལ་གསར་པའང་སྦྱོང་ཐུབ་ཀྱི་འདུག”ཅེས་བཤད། ལོ་བཞིའི་རིང་ལས་ལ་གཞོལ་ནས་ས་སྐྱ་རྫོང་གི་གུར་གུམ་ཐོན་ལས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་ཡོད། རང་ཡུལ་ནས་གསོ་སྤེལ་བྱས་པའི་གུར་གུམ་གྱི་ནུས་ལྡན་གྲུབ་ཆའི་འདུས་ཚད་ནི་རྒྱལ་ཁབ་ཀྱི་ཚད་གཞི་ལས་ལྷག་པར་བརྟེན། ཡུལ་ལུང་དེ་གར་ཐོན་ལས་འཁོར་འབྲེལ་རྒྱུན་མཐུད་ངང་སྣུར་སྲིང་བྱས་ཏེ་གུར་གུམ་གྱི་འཐུང་བཅའ་དང་། ལུས་གསོའི་ལག་རྟགས་སྒམ། ཤ་གསོས་རས་སེ་སོགས་ཐོན་རྫས་བཏོན་ནས“འདེབས་འཛུགས་དང་། ལས་སྣོན། ཕྱིར་འཚོང”བཅས་ཟུང་འབྲེལ་གྱི་འཁོར་འབྲེལ་ཧྲིལ་པོའི་རྣམ་པ་བཏོད་ཡོད། 2025ལོར་རྟེན་གཞིར་གཉེར་སྐྱོང་མ་གནས་འཐེན་རྗེས་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་40ཟིན་པ་རེད། ཁྱད་ལྡན་སྐྱེ་དངོས་གུར་གུམ་ལ་གྲུབ་འབྲས་ཐོབ་པ་ནི་དཔེ་མཚོན་གཅིག་པུ་ཞིག་མིན། ཁྱད་ལྡན་རྩྭ་རིགས་གཞན་ཞིག་སྟེ་བོད་ཀྱི་སྨན་རྩྭ་ཡང་ས་སྐྱ་རུ་རྩ་བ་ལེགས་པར་ཚུགས་ཡོད། 2022ལོར་ས་སྐྱ་རྫོང་གིས་བོད་ལྗོངས་ཡུས་ཀྲེང་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཅིན་ལུན་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་སི་ཁེ་ལས་གཉིས་དང་མཉམ་ལས་བྱས་ཏེ་བོད་ཀྱི་སྨན་རྩྭ་མི་ཐབས་ལ་བརྟེན་ནས་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱེད་འགོ་ཚུགས་པ་རེད། མིག་སྔའི་བར་བོད་ཀྱི་སྨན་རྩྭའི་ཐོན་ལས་ཀྱིས་ས་ཞིང་བརྒྱུད་བཤུག་དང་། རྟེན་གཞིར་ལས་སྒྲུབ། འཕྲུལ་ཆས་བོགས་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ལ་རིམ་རྩིས་བརྒྱབ་ན་ཐད་ཀའི་ཡོང་འབབ་སྒོར་ཁྲི་550ལྷག་ཙམ་བཏོད་ཡོད་པ་རེད།

    ས་སྐྱ་རྫོང་གི་ལག་ལེན་ལས་ས་མཐོའི་གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ནི“གང་ཞིག་བཏབ་ན་རིན་གོང་མཐོ་བ”དེ་མིན་པར“གང་ཞིག་བཏབ་ན་འཚམ་པ”དེ་ཡིན་པ་ར་སྤྲོད་བྱུང་ཞིང་། ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་འཛུགས་པ་ལས་རི་བོང་ཅལ་འདྲོག་ལྟ་བུ་མི་བྱེད་པ་དང་། ཁྱད་ལྡན་ཐོན་ལས་ཧུར་ཐག་གཉེར་བ་ལས་འཕྲལ་བདེ་འཕྲལ་ཕན་མི་བྱེད་པར་ཕྱུག་འགྱུར་གྱི་རྩྭ་རིགས་རེ་རེའི་ལས་ཀ་ཧུར་ཐག་དང་། ཡག་པོ། ཡུན་རིང་བཅས་བསྒྲུབས་ན། མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།