དབུ་ཤོག
  • རང་ལྗོངས་ཀྱི་2026ལོའི“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-07

    གསར་འགོད་པར་ཚེས་27ཉིན་འཚོགས་པའི་2026ལོའི“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་2026ལོའི“ལུས་རྩལ་འགྲན་བསྡུར་དུས་ཚིགས”དེ་ཟླ་6པ་ནས་ཟླ་9པའི་བར་ལྗོངས་ཡོངས་སུ་སྤེལ་རྒྱུ་ཡིན་ཞིང་། གཙོ་གནད་འགྲན་བསྡུར་ཁག་23ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7ལ་ཁྱབ་རྒྱུ་དང་ལྷ་ས་གྲོང་ཁྱེར་བྱེད་སྒོ་སྤེལ་ཡུལ་གཙོ་བོ་རེད། བྱེད་སྒོའི་འགོ་ཚུགས་མཛད་སྒོའི་དུས་ཚོད་ནི་ཟླ་6ཚེས་19ཉིན་ཡིན་པ་དང་། དེ་2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི“ང་ཚོའི་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན”གྱི་ས་མཐོའི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་དང་དུས་མཉམ་དུ་གཉེར་རྒྱུ་རེད།

    བོད་ལྗོངས་ལུས་རྩལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཁྲེན་ཐེན་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དུས་ཚིགས་རིང་གཉེར་བའི་འགྲན་བསྡུར་བྱེད་སྒོར་གཅིག་གྱུར་ཐོག་མིང་འདོགས་རྒྱུ་ཡིན་པ་དང་། འགྲན་རིམ་འབྲེལ་མཐུད་དང་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བཅས་བྱ་རྒྱུ་རེད། ཟླ་6ཚེས་1ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྔོན་ལ་འགོ་ཚུགས་པ་དང་། 2026ལོའི་ཙེ་རན་ཐང་ཧི་མ་ལ་ཡའི་མཐར་ཟད་ཐང་སྟེང་རྒྱུག་ཤར་འགྲན་བསྡུར་དང་། རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེ་མོ་སྐབས་གཉིས་པའི(ལྷོ་ནུབ་ཁུལ)མཉེན་ཤུགས་སྤོ་ལོ་དང་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་སོགས་ཉིང་ཁྲི་དང་ལྷོ་ཁ་སོགས་སུ་གཅིག་རྗེས་གཉིས་མཐུད་ངང་གཉེར་རྒྱུ་རེད།

    ཟླ་བདུན་པར་2026ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་དང་། ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར། 2026ལོའི་ཉིང་ཁྲིའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་སོགས་སྤུས་རྟགས་འགྲན་བསྡུར་སྔ་རྗེས་སུ་འགོ་འཛུགས་རྒྱུ་དང་། བོད་ལྗོངས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར(གཞིས་རྩེ་གྲོང་ཁྱེར་གྲོ་མོའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར)དང་། 2026ལོའི་བོད་ལྗོངས་ཀྱི་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་སོགས་ཁྱད་ལྡན་རྣམ་གྲངས་བཀོད་སྒྲིག་ཚགས་ཚུད་བྱས་ནས་དབྱར་དུས་སུ་ཁྱབ་པའི་ས་མཐོའི་འགྲན་བསྡུར་གྱི་ཚ་རླབས་ཤིག་འཕྱུར་རྒྱུ་རེད།

    མང་ཚོགས་ཞུགས་རྒྱ་ཆེ་རུ་གཏོང་ཆེད། འགྲན་བསྡུར་དུས་ཚིགས་སུ་རྣམ་གྲངས་བཀོད་སྒྲིག་དང་། ས་ཆ་བཀོད་སྒྲིག མིང་ཐོ་འགོད་པ་བཅས་ཀྱི་ཐད་ཚད་གཞི་དམའ་རུ་བཏང་ཡོད། ཆེད་ལས་འགྲན་བསྡུར་ཕུད་མང་ཚོགས་རང་བཞིན་གྱི་རྣམ་གྲངས་འབོར་ཆེན་ལོ་ཚད་ཁག་ལ་ཁྱབ་པ་དང་། མིང་ཐོ་འགོད་པའི་གྲོན་དངུལ་རྩ་ཆག་གཏོང་བ་དང་འབྲེལ་སྟབས་བདེའི་ལུས་རྩལ་སྒྲིག་ཆས་མཁོ་འདོན་བྱེད་པ། འགྲན་ར་གཙོ་བོ་གྲོང་ཁུལ་དུ་གཅིག་སྡུད་བྱས་ནས་གྲོང་མི་ཐག་ཉེ་སར་ཞུགས་པར་སྟབས་བདེ་བསྐྲུན་རྒྱུ་རེད། འགྲན་བསྡུར་རིང་ད་དུང་ལུས་རྩལ་གཞི་རིམ་དུ་ཁྱབ་གདལ་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་དང་བླངས་ཞབས་ཞུ“དྲུག་སྤེལ”བ། སྤོ་ལོ་རིགས་ཆེ་གྲས་གསུམ་སློབ་གྲྭར་ཁྱབ་གདལ་གཏོང་བ། སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ལུས་སྦྱོང་ཡོ་ཆས་སྤྲད་དེ་ལུས་རྩལ་ཐོན་ཁུངས་མང་ཚོགས་ཀྱིས་སྤྱོད་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།