དབུ་ཤོག
  • བོད་རིགས་ཕོ་གཞོན་བསོད་ནམས་དབང་ལྡན་གྱིས་བརྗོད་དོན།

    བོད་དང་ཧོང་ཧྲི་ཡི་གཏམ་རྒྱུད་སྙན་མོ་མི་དེ་བས་མང་བར་བརྗོད་ཀྱི་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-07

    “ཕ་ཡུལ་དུ་ང་ཡང་དྲ་གྲགས་ཆུང་ཆུང་ཞིག་ཡིན”ཞེས་ལོ་25ལ་སླེབས་པའི་བསོད་ནམས་དབང་ལྡན་གྱིས་དགོད་འཚེར་འཚེར་ངང་ཀུ་རེའི་ཚུལ་དུ་བཤད། དྲ་མིང་ལ“བོད་རིགས་བུ་ཟླ་དར”ཞེས་བཏགས་པའི་ལྷོ་ཁའི་ཕོ་གཞོན་འདིས་ཀུ་རེ་དེ་ལྟར་བྱེད་དོན་ནི་མིག་སྔའི་འཚོ་བར་བློ་ཡིད་ཧ་ཅང་ཚིམས་པས་རེད། ཁོང་གིས“ཧོང་ཧྲི་དང་བོད་ལྗོངས་གཉིས་ཀ་བརྙན་ཐུང་དུ་ཕབ་ནས་ས་ཆ་གཉིས་ཀའི་གཏམ་རྒྱུད་སྙན་མོ་མི་དེ་བས་མང་བར་བརྗོད་ཀྱི་ཡིན”ཞེས་བཤད།

    2025ལོའི་ཟླ་10པར། ལྗོངས་ཕྱིར་ལས་ཞུཌ་བྱེད་པའི་སྲིད་ཇུས་ཀྱི་གཟིགས་སྐྱོང་འོག་བསོད་ནམས་དབང་ལྡན་ཕ་ཡུལ་ནས་གྱེས་ཏེ་ཧུའུ་པེའི་ཧོང་ཧྲིར་སླེབས་ནས་ཁྱབ་སྤེལ་སྨྱན་སྦྱོར་ཀུང་སིའི་ཐད་གཏོང་པ་ཞིག་ཏུ་གྱུར། ལམ་བུ་དེ་ནི་ཁོང་གིས་རང་འགུལ་ངང་རང་ས་རང་ཡུལ་ནས་བྲལ་ཏེ་མི་སྒེར་གྱི་འཚར་ལོངས་ཀྱི་གདམ་ག་ཞིག་རེད།

    2023ལོར། སློབ་གྲྭ་ཆེན་མོ་ཐོན་པའི་བསོད་ནམས་དབང་ལྡན་གྱིས“སྔོན་ལ་ལས་ཀར་ཞུགས། ཕྱིས་སུ་ལས་ཀ་བདམས་པའི”བསམ་ཚུལ་བཅངས་ནས་གསོ་སྦྱོང་འཛིན་གྲྭ་ཞིག་ཏུ་ལས་ཀ་བཙལ། ཁོང་གིས“ལས་ཀ་དེས་གནས་སྐབས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་མོད། འཚར་ལོངས་ལ་ཕན་པ་དེ་ཙམ་མི་འདུག”ཅེས་བཤད་ཅིང་། དེར་བརྟེན་བསོད་ནམས་དབང་ལྡན་གྱིས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཕྱོགས་མང་པོར་བསྐུར་ཡང་བློ་ལ་བབས་པའི་ལས་གནས་ཤིག་རག་མེད།

    ལས་དབང་ཀྱི་འགྱུར་ལྡོག་ནི་ལོ་གཉིས་རིང་དཀའ་ལས་བརྒྱབ་པ་ནས་འགོ་ཚུགས་ཤིང་། སློབ་མཐར་ཕྱིན་མ་ཐག་པའི་སྐབས་སུ་ལྗོངས་ཕྱིར་ལས་ཞུགས་ཀྱི་གོ་སྐབས་ཡོད་རུང་ཁོང་གིས་ཕ་མ་སྤུན་མཆེད་དང་བྲལ་མ་ཕོད་པར་གོ་སྐབས་མང་པོ་ཞིག་བློས་བཏང་།

    ཡིན་ནའང་ལོ་གཉིས་ཀྱི་ལས་ཀའི་མྱོང་བརྒྱུད་ལས་ཁོང་གིས“ལོ་ན་གཞོན་དུས་ཕྱི་ཕྱོགས་སུ་ཉམས་མྱོང་གསོག་པར་སྐྱོད་དགོས་པའི”གནས་ལུགས་རིམ་བཞིན་རྟོགས། དེ་ནས་ལྗོངས་ཕྱིར་ལས་ཞུགས་ཀྱི་གོ་སྐབས་ཡོད་པ་ཐོས་སྐབས་ཁོང་གིས་འཕྲལ་དུ་སྨྱན་སྦྱོར་གསར་པའི་ཐད་གཏོང་པའི་ལས་གནས་ལ་མིང་ཐོ་བཀོད་ཅིང་། དེ་ནི་སྔར་ནས་ད་བར་ཁོང་གི་དགའ་ཕྱོགས་དང་ཕུགས་འདུན་ཞིག་ཡིན་པས་རེད།

    བསོད་ནམས་དབང་ལྡན་གྱི་བརྙན་ཐུང་ལ་གཙོ་བོ་དྲོད་འཁོལ་ལྡན་པའི་དོན་བརྗོད་བརྙན་ཐུང་རྣམ་པ་གཉིས་ཡོད་ཅིང་། གཅིག་ནི“ཧོང་ཧྲིར་ཡོད་པའི་བོད་རིགས་བུ”ཡི་རྒྱུན་ལྡན་གྱི་འཚོ་བ་སྟེ། ཞོགས་པའི་ཧུའུ་པེའི་ཐུག་པ་དང་ལས་བྲེལ་ཆེ་བའི་རྣམ་པའམ་ཡང་ན་ངལ་གསོའི་སྐབས་ཀྱི་འཆམ་འཆམ་སོགས་དོན་ཆུང་ཙག་ཙིག་ཚང་མ་བརྙན་ཐུང་དུ་ཕབ་ནས་ཕ་ཡུལ་གྱི་གཉེན་གྲོགས་ཚོར་བསྐུར་ཏེ་ཁོང་ཚོར་མི་ཡུལ་ལ་ལྟ་བའི་སྐར་ཁུང་ཕྱེ་བ་དང་། གཉིས་ནི་ཕ་ཡུལ་གྱི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་སོགས་བརྙན་ཐུང་དུ་བསྐུར་གྱི་ཡོད།

    མི་རིང་བའི་གོང་། ཁོང་དང་ཧོང་ཧྲིར་ལས་ཀར་ཞུགས་པའི་བོད་རིགས་གཞོན་ནུ་རྣམས་མཉམ་དུ་འཛོམས་པའི་བརྙན་ཐུང་ལ་ལྟ་མཁན་ཁྲི་4ལྷག་ཙམ་ཟིན་ནས་བརྙན་ཐུང་ལྟ་མཁན་མང་དུ་ཕྱིན་ཡོད་པ་རེད། “གྲོང་ཚོའི་ཕྲུ་གུ་ཞིག་གིས‘ལྗོངས་ཕྱིར་ལས་ཀ་འདི་འདྲར་ཞུགས་རྒྱུ་ཡོད་པ་འདྲ’ཞེས་ལན་བཞག་འདུག ཐ་ན་ད་ལོ་སློབ་གྲྭ་ཐོན་གྲབས་ཡོད་པའི་ངའི་གཅུང་མོར་ཡང་ལྗོངས་ཕྱིར་ལས་ཀ་འཚོལ་བའི་བསམ་འདུན་ཡོད”ཅེས་བསོད་ནམས་དབང་ལྡན་གྱིས་དགོད་བཞིན་བཤད། སྐབས་དེ་དུས་ཁོང་གིས་རང་ཉིད་ཀྱི་རིན་ཐང་ཤེས་ཤིང་། “ང་ནི་སྒྲོག་ཐག་ཅིག་དང་འདྲ་བར་སྣེ་གཅིག་ལྗོངས་ཕྱིར་འབྲེལ་ནས་མི་དེ་བས་མང་བས་ང་ཚོའི་ཚོགས་སྤྱི་འདི་ཤེས་རྟོགས་དང་ང་ཚོའི་འཚོ་བ་དངོས་མཐོང་ཐུབ་པ་དང་། སྣེ་གཅིག་ལྗོངས་ནང་ཁུལ་དང་འབྲེལ་ནས་ཕ་ཡུལ་གྱི་ན་གཞོན་ཚོས་ངའི་བརྙན་ཐུང་བརྒྱུད་ལྗོངས་ཕྱིའི་ལས་ཞུགས་ལ་རྒྱུས་མངའ་གསལ་པོ་ལོན་ཐུབ”ཅེས་བཤད།

    འབྱུང་འགྱུར་སྐོར་གླེང་སྐབས། བསོད་ནམས་དབང་ལྡན་གྱི་མིག་ཟུང་ལས་གདེང་ཚོད་ཆེ་བའི་འོད་མདངས་འཕྱུར་ཞིང་། མིག་སྔར། ཁོང་ལ་སེམས་རྣལ་དུ་ཕབ་སྟེ་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་ཧུར་ཐག་གཏོང་བའི་བསམ་ཚུལ་མ་གཏོགས་མེད། “ཕྱིས་སུ་གཅིག་བྱས་ན་ངས་འདི་གར་སྦྱངས་པའི་འཇོན་ཐང་ལ་བརྟེན་ནས་ཕ་ཡུལ་དུ་ལས་གཏོད་བྱེད་སྲིད། དོན་དངོས་ཐོག་འབྱུང་འགྱུར་ཧོང་ཧྲི་དང་བོད་ལྗོངས་སམ་ས་ཆ་གཞན་གང་དུ་བསྡད་ཀྱང་གལ་ཆེ་ཤོས་ནི་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་རེད། འཇོན་ཐང་ཡོད་ན་ས་ཆ་གང་དུ་སླེབས་རུང‘གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁར་འཕྲོ’ཞེས་པའི་དཔེ་ལྟར་རེད”ཅེས་ཁོང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།