“གནས་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་བཙུགས་པ།
ཐོ་རེངས་ཀྱི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ། ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ནས་སྐད་འཕྲིན་འབྱོར་བའི་འོད་མདངས་བརྒྱབ་པ་དང་ཆབས་ཅིག་བརྙན་པར་གྱི་བསྐྱར་ཞིབ་སྙན་ཐོ་ཞིག་འབྱོར་ཞིང་། ཆ་འཕྲིན་གཏོང་མཁན་བོད་སྐྱོར་སྨན་པས“ན་ནིང་ཁྱེད་ཀྱིས་འོས་འགན་སྨན་བཅོས་བྱེད་སྐབས་འཕྲད་པའི་གློ་སྐྲན་ཕོག་པའི་བོད་རིགས་བགྲེས་སོང་སྐལ་བཟང་སྨན་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་བྱུང་བ་མ་ཟད། ད་ཆ་རང་ཁྱིམ་གྱི་སྒོ་རྩ་ནས་བསྐྱར་ཞིབ་བྱེད་ཐུབ་ཀྱི་ཡོད”ཅེས་བཤད་པ་མཐོང་འཕྲལ། པར་ལ་ལྟ་ཞོར་ངའི་སེམས་པ་སླར་ཡང་གངས་ལྗོངས་ས་མཐོའི་ཕྱོགས་སུ་འཁོར།
སྐལ་བཟང་ལ་སྨན་བཅོས་བྱེད་པའི་དུས་ཚོད་ན་ནིང་ཟླ་བ་བརྒྱད་པ་རེད།
སྐབས་དེ་དུས་ངས་རུ་སྣེ་ཁྲིད་དེ་བོད་ལྗོངས་མངའ་རིས་ས་ཁུལ་དུ་བསྐྱོད་དེ་ས་གནས་ཀྱི་སྨན་ཁང་དུ་འཚམས་འདྲི་དང་བཅས་བོད་སྐྱོར་སྨན་པ་དང་ཐུག་པ་ཡིན། “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་པའི་མངའ་རིས་ས་མཐོར་སྐྱོད་སྐབས་གཞི་ནས་དེ་གའི་མང་ཚོགས་ཀྱིས་སྨན་པ་བསྟེན་དཀའ་ཚུལ་དང་རྒྱུས་ལོན་ཟབ་མོ་བྱུང་། འོས་འགན་སྨན་བཅོས་བྱེད་སྐབས་ཡུན་རིང་བྲང་ཁ་བསྡམས་པའི་བོད་རིགས་བགྲེས་སོང་ཞིག་དང་ཁོང་གི་བུ་མོ་གཉིས་དབར་ཁ་རྩོད་ཤོར་ཞིང་། སྐད་སྒྱུར་བས་སྐད་སྒྱུར་བྱས་པ་ལྟར་ན། བགྲེས་སོང་གིས“ལམ་ཐག་རིང་བའི་ཁར་ལམ་བར་རྡབ་གསིག་ཆེ་བས་སྨན་བཅོས་བྱེད་པར་འགྲོ་གི་མིན”ཞེས་བཤད་པ་རེད། རྒད་པོ་འདི་ནི་སྐལ་བཟང་རེད།
བོད་སྐྱོར་སྨན་པས། སྐད་ཤུགས་ཆུང་ངུས་དེ་གའི་ས་གནས་སྨན་ཁང་ལ་བརྙན་པར་བརྟག་དཔྱད་སྒྲིག་ཆས་ཡག་པོ་ཡོད་ཀྱང་། ཚད་ལྡན་དོ་དམ་དང་ལག་རྩལ་ཡག་པོ་ཡོད་པའི་སྨན་པ་དཀའ་བཅུ་པ་དཀོན་པའི་ཁར་མང་ཚོགས་ཀྱིས་བང་རིང་པོ་བསྒྲིག་དགོས་པ་དང་སྨན་པ་ཡང་བསྟེན་ཁག་པོ་ཡོད་ཅེས་ང་ལ་བཤད་བྱུང་།
སྐབས་དེ་དུས་ངས་གློ་བུར་དུ་གནས་ལུགས་ཤིག་ཤེས་པ་ནི། སྨན་པ་གཅིག་གི་སྨན་བཅོས་ལག་རྩལ་བྱང་ཆུབ་པོ་གང་འདྲ་ཡོད་ཀྱང་། སྒོ་བསྟེན་སྨན་ཁང་དུ་ཡོང་མཁན་ནད་པ་མང་པོར་བལྟ་མི་ཐུབ་ཅིང་། གལ་སྲིད་ས་གནས་དེ་གར་སྨན་བཅོས་ཚོགས་པ་ཞིག་གསོ་སྐྱོང་ཐུབ་ཚེ་ས་ཕྱོགས་དེ་གའི་མི་སེར་གྱི་ནད་ཀྱི་སྡུག་བསྔལ་རྒྱུན་ཆད་མེད་པར་སེལ་བར་ནུས་པ་འདོན་ཐུབ་ངེས་རེད་སྙམ་བྱུང་།
ཕྱིར་ལོག་རྗེས། སྨན་ཁང་གིས་འཕྲལ་མར་རོགས་སྐྱོར་ཇུས་གཞི་བཟོས་པ་དང་། བོད་སྐྱོར་ཚོགས་པས་ས་གནས་དེ་གའི་ཚན་ཁག་གི་ན་གཞོན་སྨན་པ་དཀའ་བཅུ་པར་རང་རང་སོ་སོའི་ཁྱད་ཆོས་དང་འཚམ་པའི་འཚར་ལོངས་ཀྱི་འཆར་གཞི་བཟོས་ཏེ་ཆེད་དོན་འཆད་ཁྲིད་དང་། དངོས་སྦྱོང་སློབ་ཁྲིད། ནད་དཔེ་ཞིབ་བསྡུར། ས་ཡུལ་གྱི་ལག་རྩལ་མཛུབ་ཁྲིད་བཅས་བྱས་པ་མ་ཟད། གློག་པར་ཚན་ཁག་གི་འཕྲལ་སྐྱོད་སྨན་བཅོས་བརྡ་ལན་ཚོགས་ཆུང་བཙུགས་ནས་ལས་རིམ་ལེགས་བཅོས་དང་ཚད་གཞི་ཚད་ལྡན་དུ་བཏང་ཞིང་། དུས་ཚོད་ལོ་གཅིག་ཀྱང་མ་འགོར་བར། མངའ་རིས་ས་ཁུལ་གྱི་CTབརྟག་དཔྱད་དེ་ཉིན་མོར་རྒྱུན་གཏན་བཞིན་བྱེད་ཐུབ་ནས་ཉིང་རྡུལ་གློག་པར་གྱི་བརྟག་དཔྱད་ཡང་སྔོན་མ་མི་རེ་གཉིས་ལས་བྱེད་མི་ཐུབ་པ་ནས་ད་ཆ་མི་ཐེངས་20ཙམ་བར་མང་དུ་ཕྱིན་པ་དང་། 2025ལོའི་ལོ་མཇུག་ཏུ། བོད་ལྗོངས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དེ་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་ལ་རིམ་སྤོར་བདེ་བླག་བྱུང་ཡོད།
དེ་དང་ཆབས་ཅིག ཧྭ་བྱང་རང་བྱུང་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གི་5Gརྒྱང་ཁྲིད་སློབ་ཁྲིད་དང་བོད་རིགས་སྨན་པ་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་མངགས་གཏོང་བྱ་རྒྱུར་དུས་གཅིག་ཏུ་སྐུལ་འདེད་བཏང་ནས“གནས་ཀྱིས་གནས་ལ་གཏུག་པའི་རོགས་སྐྱོར”དེ“བརྒྱུད་རིམ་ཆ་ལག་ཚང་བའི་མཉམ་སྐྲུན”དུ་བསྒྱུར་ཞིང་། ད་ཆ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་སྨན་བཅོས་དང་། སློབ་ཁྲིད། ཞིབ་འཇུག སྔོན་འགོག བདེ་ཐང་བཅས་གཞི་གཅིག་ཏུ་འདུས་པའི་ས་ཁོངས་སྨན་བཅོས་ལྟེ་གནས་བཙུགས་ནས་རྒྱུན་མཐོང་ནད་དང་ནད་ཆེན་རིགས་760ས་ཁུལ་ནས་སྨན་བཅོས་ཡག་པོ་ཐུབ་ཀྱི་ཡོད།
2011ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན་ང་ཚོས་སྨན་བཅོས་ཤེས་ལྡན་པ་20ལྷག་ཙམ་ཤིན་ཅང་པ་དབྱིན་ཀོ་ལིང་ནང་སོག་རང་སྐྱོང་ཀྲོའུ་སོགས་ལ་རོགས་སྐྱོར་བྱེད་པར་བཏང་བ་དང་། ཧོ་པེའི་ཐང་ཧྲན་དུ་ལོ་གསུམ་རིང་གཞི་རིམ་སྨན་ཁང་བརྒྱ་ཙམ་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་གྲོས་མཐུན་བཞག་ནས་གྲངས་གཞི་ཅན་གྱི་རྒྱང་ཁྲིད་སྨན་བཅོས་དང་དྲ་ཐོག་སློབ་ཁྲིད་གསོ་སྦྱོང་གཞི་གཅིག་ཅན་གྱི་ལས་སྟེགས་དེ་གྲོང་གསེབ་ཀྱི་འཐབ་ས་དང་པོར་རྒྱུན་མཐུད་ཁྱབ་པར་བྱས་པར་རིམ་རྩིས་བརྒྱབ་ན་གཞི་རིམ་གྱི་སྨན་བཅོས་དང་དོ་དམ་ཤེས་ལྡན་པ་ཁྲི་ཙམ་གསོ་སྐྱོང་བྱས་ཡོད།
རོགས་སྐྱོར་བྱེད་རིང་། སྨན་བཅོས་རོགས་སྐྱོར་ནི་གནས་སྐབས་ཙམ་མིན་པར་ཕུགས་ཕན་གྱི་བྱ་བ་ཞིག་ཡིན་པ་དང་། དེའི་རིན་ཐང་ནི་བརྙན་པར་སྙན་ཞུ་ཚང་མའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་། ས་གནས་དེ་གའི་རྐང་འཛིན་པ་ཚང་མ་འཚར་ལོངས་ཡག་པོ་ཡོང་བ། གཞི་རིམ་སྨན་ཁང་ཚང་མ་རིམ་སྤོར་བྱུང་བ་བཅས་ལས་མངོན་ཐུབ་ཅིང་། “གཞན་རྟེན”ནས“རང་རྟེན”བར་འགྱུར་ལྡོག་བྱུང་སྟེ“གནས་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་བཙུགས་ནས་ས་གནས་དེ་གའི་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་ཡོད། དེ་ནི་སྨན་བཅོས་རོགས་སྐྱོར་ལས་དོན་གྱི་རིན་ཐང་ཆེ་ཤོས་རེད།
(རྩོམ་པ་པོ་ནི་ཧྭ་པེ་རང་བྱུང་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་ཞོར་གཏོགས་སྨན་ཁང་གི་ཡོན་ཀྲང་ཡིན་པ།)
འབྲེལ་ཡོད་གསར་འགྱུར།