དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་རྒྱལ་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་75.1ལ་སྣེ་ལེན་ཞུས་པ།

    ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་5500ལྷག་ཙམ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-06

    རིག་གནས་དང་ཡུལ་སྐོར་པུས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《2025ལོའི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས》ལས་མངོན་པར། 2025ལོར་རྒྱལ་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་75.1ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་5544.9བྱུང་ཡོད་པ་རེད།

    2025ལོར་རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་བྱ་གཞག་གི་གྲོན་དངུལ་སྒོར་དུང་ཕྱུར་1249.2ཟིན་པ་དང་མི་རེའི་ཆ་སྙོམས་རིག་གནས་དང་ཡུལ་སྐོར་བྱ་གཞག་གི་གྲོན་དངུལ་དུས་མཚུངས་ལས་3.0%འཕར་ཡོད་པ་རེད།

    2025ལོར་རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱི་ཁོངས་སུ་གཏོགས་པའི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པས་ཁྱོན་འཁྲབ་སྟོན་ཐེངས་ཁྲི་39.2བྱས་པ་དང་རྒྱལ་ནང་གི་ལྟད་མོ་བ་མི་ཐེངས་དུང་ཕྱུར་3.1ཟིན་པ་དེ་དུས་མཚུངས་ལས་2.4%འཕར་ཡོད། རྒྱལ་ཡོངས་སུ་སྤྱི་པའི་དཔེ་མཛོད་ཁང་ཁྱོན་3253ཡོད་པ་དང་ལོ་ཧྲིལ་པོར་སྤྱི་པའི་དཔེ་མཛོད་ཁང་དུ་ཡོང་མཁན་ཁྱོན་མི་ཐེངས་དུང་ཕྱུར་14.7ཡོད་པ་དེ་དུས་མཚུངས་ལས་9.3%འཕར་ཡོད། ལོ་ཧྲིལ་པོར་རྒྱལ་ཡོངས་ཀྱི་མང་ཚོགས་ཀྱི་རིག་གནས་སྒྲིག་གཞིས་རིག་གནས་བྱེད་སྒོ་སྣ་ཚོགས་ཁྱོན་ཐེངས་ཁྲི་497སྒྲིག་འཛུགས་བྱས་ནས་སྤེལ་བ་དེ་དུས་མཚུངས་ལས་12.9%འཕར་བ་དང་། མི་ཐེངས་དུང་ཕྱུར་26.1ལ་ཞབས་འདེགས་ཞུས་པ་དེ་དུས་མཚུངས་ལས་19.0%འཕར་ཡོད་པ་རེད།

    སྤྱི་བསྒྲགས་ནང་མངོན་པར་གཞིགས་ན། 2025ལོའི་ལོ་མཇུག་ཏུ། རྒྱལ་ཡོངས་སུ་ཁྱོན་རིག་དངོས་སྒྲིག་གཞི་སྣ་ཚོགས་9744ཡོད་པ་དང་རྒྱལ་ཡོངས་སུ་ཐོ་འགོད་སྙན་སེང་ཞུས་པའི་རྟེན་མཛོད་ཁང་དང་དྲན་གསོ་ཁང་7188ཡོད་པ་རེད། རྒྱལ་ཡོངས་ཀྱི་རིག་དངོས་སྒྲིག་གཞིར་ཉར་ཚགས་བྱས་པའི་དངོས་རྫས་ཆ་ཚང་ཁྲི་5200.4ཡོད་པ་རེད། 2025ལོར་རྒྱལ་ཡོངས་ཀྱི་རིག་དངོས་སྒྲིག་གཞི་ཁག་གིས་ཁྱོན་སྒྲིག་གཤོམ་དང་འགྲེམས་སྟོན་ཁྲི་3.2བྱས་ཡོད་པ་རེད།

    རྒྱལ་ཡོངས་སུ་ཁྱོན་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་ཁྲི་1.49བསྐྲུན་ཡོད་ཅིང་། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཁྱོན་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་1557ཡོད་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་3994ཡོད་པ་རེད། ལོ་ཧྲིལ་པོར་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་སྒྲིག་གཞི་སྣ་ཚོགས་ཀྱིས་འཁྲབ་སྟོན་ཐེངས་ཁྲི་8.2བྱས་པ་དེ་དུས་མཚུངས་ལས་3.0%འཕར་བ་དང་། འགྲེམས་སྟོན་ཐེངས་ཁྲི་2.3བྱས་པ་དེ་དུས་མཚུངས་ལས་4.8%འཕར་ཡོད་པ་རེད།

    2025ལོར་རྒྱལ་ནང་གི་གྲོང་མི་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར་65.22ཟིན་པ་དང་རྒྱལ་ནང་གི་གྲོང་མིས་ཡུལ་སྐོར་གྱི་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི་6.30བཏང་ཡོད། རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་15450ཟིན་པ་དེ་དུས་མཚུངས་ལས་17.1%འཕར་ཡོད། དེའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་3517ཟིན་པ་དེ་དུས་མཚུངས་ལས་30.6%འཕར་བ་དང་། ནང་སའི་གྲོང་མི་རྒྱལ་མཚམས་སྒྲོལ་ནས་ཡུལ་སྐོར་དུ་སྐྱོད་མཁན་མི་ཐེངས་ཁྲི་14836ཟིན་པ་དེ་དུས་མཚུངས་ལས་20.8%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།