ད་ལོ་རྒྱལ་ཡོངས་སུ་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་ཁྲི་1290ཟིན་པ།
གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 2026ལོར་རྒྱལ་ཡོངས་སུ་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་ཁྲི་1290ཟིན་ཡོད་པ་རེད། སློབ་གསོ་པུས་རྒྱལ་ཁབ་སློབ་གསོའི་གཅིག་གྱུར་ཡིག་རྒྱུགས་ལས་དོན་གྱི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་དང་མཉམ་དུ་ས་གནས་ཁག་ལ་ཡིག་རྒྱུགས་སྒྲིག་འཛུགས་དང་རྒྱུགས་སྤྲོད་སློབ་མའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་འཆར་འགོད་དང་། བཀོད་སྒྲིག་ཞིབ་ཚགས། མཛུབ་ཁྲིད་བཅས་བྱས་ཏེ། “དུས་བདེའི་མཐོ་རྒྱུགས”ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།
སློབ་གསོ་པུས་ས་གནས་ཁག་དང་མཉམ་དུ་དྲ་འཕྲིན་དང་སྤྱི་བདེ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་ཁོར་ཡུག་གཙང་བཟོ་དང་། ཡིག་རྒྱུགས་གཏོང་ཡུལ་མཐའ་འཁོར་གྱི་ཁོར་ཡུག་གཙང་བཟོ། རྐུ་བཤུའི་ཡོ་བྱད་ཕྱིར་ཚོང་ལ་རྡུང་རྡེག་གཏོང་བ། ཚབ་རྒྱུགས་གཏོང་བར་རྡུང་རྡེག་གཏོང་བ། ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་གསོ་སྦྱོང་སྒྲིག་གཞི་བཅོས་སྒྲིག་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཏེ་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས་ཞི་མཐུན་དང་སྐྱོན་བྲལ་གྱི་ཡིག་རྒྱུགས་ཁོར་ཡུག་ཧུར་ཐག་བསྐྲུན་པ་དང་། ཚན་རིག་ལག་རྩལ་སྤྱད་ནས་རྐུ་བཤུའི་རིགས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བ་དང་། “རིག་ནུས་བདེ་འཇགས་ཞིབ་བཤེར་སྒོ་མོ”རིམ་སྤོར་བྱེད་པ། ལག་ཐོགས་ཁ་པར་དང་རིག་ནུས་མིག་ཤེལ་སོགས་སྒྲིག་འགལ་དངོས་རྫས་ཞིབ་བཤེར་ཐུབ་ཚད་མཐོ་རུ་གཏོང་བ། རྒྱུགས་རར་ཞུགས་པའི་བདེ་འཇགས་ཞིབ་བཤེར་ཚད་ལྡན་ནན་པོ་བཟོ་བ། རྒྱུགས་རར་ལྟ་ཞིབ་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། རིག་ནུས་སྐོར་བཤེར་དང་སྐོར་ཞིབ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཡིག་རྒྱུགས་ཀྱི་བདེ་འཇགས་འགོག་སྲུང་དྲ་བ་བརྟན་དུ་གཏོང་བ་བཅས་ལ་མཛུབ་ཁྲིད་བྱས་པ་རེད།
སློབ་གསོ་པུས་ས་གནས་ཁག་ལ་མཛུབ་ཁྲིད་བྱས་ཏེ་རྒྱུགས་སྤྲོད་སློབ་མའི་ཞབས་ཞུའི་འགན་ལེན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་རྒྱུགས་སྤྲོད་སློབ་མ་ལོང་བར་ཆེད་མངགས་ལོང་ཡིག་གི་རྒྱུགས་ཤོག་བཟོས་པ་དང་དབང་པོ་སྐྱོན་ཅན་གྱི་རྒྱུགས་སྤྲོད་སློབ་མ་ཁྲི་1.4མཐོ་རྒྱུགས་ལ་ཞུགས་པར་ལུགས་མཐུན་གྱི་སྟབས་བདེ་བསྐྲུན་པ་དང་། པུའུ་དང་ཞིང་ཆེན་རིམ་པ་གཉིས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། “ཀུན་གསལ་དང་བླངས”ཆ་འཕྲིན་ཞབས་ཞུའི་མ་ལག་བཟང་སྒྱུར་རིམ་སྤོར་བྱས་པ། ས་གནས་ཁག་གིས་དྲ་ཐོག་དང་དྲ་ཕྱིའི་དང་བླངས་རེའུ་མིག་རྒྱོང་བའི་བློ་འདྲིའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བར་མཛུབ་སྟོན་བཅས་བྱས་པ། སློབ་འབྲིང་གི་ཐབས་ལམ་གཙོ་བོའི་ནུས་པ་གང་ལེགས་བཏོན་པ་དང་། གཞི་རིམ་གྱི་རྒྱུགས་བསྡུའི་ལས་དོན་པ་དང་སློབ་འབྲིང་གི་འཛིན་གྲྭའི་ཀྲུའུ་རེན་གྱི་སྲིད་ཇུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ། འབྲེལ་ཡོད་ཞིང་ཆེན་གྱིས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་རྫོང་སློབ་འབྲིང་ལ་ཕྱོགས་ནས“ཀུན་གསལ་དང་བླངས”ཀྱི་རོགས་སྐྱོར་བྱ་སྤྱོད་གཏིང་ཟབ་སྤེལ་བར་མཛུབ་ཁྲིད་བྱས་ཏེ། དང་བླངས་རེའུ་མིག་རྒྱོང་བའི་སྤྱི་ཕན་ཞབས་ཞུ་གཞི་རིམ་གྱི་འཐབ་ས་དང་པོར་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སློབ་མ་དེ་བས་མང་བ་མཐོ་རྒྱུགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་རམ་འདེགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།