“དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གཉིས་པོ་མི་དམངས་ཀྱི་བདེ་རྩ་དང་ཟུང་འབྲེལ་བྱེད་དགོས”
—— སི་ཕེན་གུང་ཁྲན་ཏང་གི་རྒྱལ་སྤྱིའི་ཧྲུའུ་ཅི་མན་ནུའུ་ཨེར·ཕི་ནེ་ཏཱ་ལ་བཅར་འདྲི་བྱས་པའི་སྐོར་བཀོད་པ།
“ད་ཐེངས་ནི་རང་ཉིད་ཀྱི་བསམ་ཚོད་ལས་རྦད་དེ་འདས་པའི་འཚམས་འདྲི་ཞིག་ཡིན”ཞེས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། སི་ཕེན་གུང་ཁྲན་ཏང་གི་རྒྱལ་སྤྱིའི་ཧྲུའུ་ཅི་མན་ནུའུ་ཨེར·ཕི་ནེ་ཏཱ་ཡིས་རང་ཉིད་ཀྲུང་གོར་བསྐྱོད་པའི་མྱོང་ཚོར་མདོར་བསྡུས་པོས་བརྗོད།
ཡུན་རིང་མ་སོང་གོང་། ཕི་ནེ་ཏཱ་ཡིས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱས་ཤིང་། པེ་ཅིང་ནས་ཀོང་ཏུང་གི་ཧྲེན་ཀྲེན་བར་དང་། དེ་ནས་ཅེ་དབྱང་བར། དུས་ཡུན་རིང་པོར་རྒྱལ་སྤྱིའི་ཆབ་སྲིད་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་གྲོས་གཞིར་དོ་ཁུར་བྱེད་མཁན་སི་ཕེན་གཡོན་རུའི་ཆབ་སྲིད་པ་ཁོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་ཡོད་གནས་སྟངས་ལ་བར་ཐག་ཉེ་པོས་ཉམས་ཞིབ་ཐེངས་དང་པོ་བྱས་པ་རེད། ཁོང་གིས་ངོས་འཛིན་བྱས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དཔལ་འབྱོར་གྱི་འཕར་ཐང་དང་ཚན་རྩལ་ཡར་ཐོན་ནས་མངོན་པ་མ་ཟད། “དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གཉིས་པོ་མི་དམངས་ཀྱི་བདེ་རྩ་དང་ཟུང་འབྲེལ་བྱེད་པའི”ཐོག་ནས་དེ་བས་ཀྱང་མཚོན་གྱི་ཡོད།
ཕི་ནེ་ཏཱ་ཡིས་བརྗོད་དོན། ཀྲུང་གོའི་འཕེལ་རྒྱས་དེ་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བར་དམིགས་པ་ཞིག་ཡིན་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ཀྲུང་གོའི་མང་ཚོགས་རྒན་གཞོན་སུ་ཞིག་ཡིན་རུང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་སྐོར་གླེང་སྐབས་ཚང་མས་ཁྱིམ་ཚང་གི་འཚོ་བ་ལེགས་སུ་ཕྱིན་པའི་སྐོར་གླེང་བ་སྟེ། མེས་པོ་ཚོས་དབུལ་ཕོངས་དང་ཟང་ཟིང་བརྒྱུད་མྱོང་བ་དང་། ཕ་མེས་ཚོས་སྒྱུར་བཅོས་སྒོ་དབྱེ་དང་འཕེལ་རྒྱས་ཀྱི་བདེན་དཔང་བྱས་ཡོད། ད་ཆའི་ན་གཞོན་མི་རབས་ཚོར་སྔོན་ཆད་བསམ་མི་ཕོད་པའི་སློབ་གསོའི་གོ་སྐབས་དང་། འཚོ་བའི་ཆ་རྐྱེན། འཕེལ་རྒྱས་ཀྱི་བར་མཐོངས་བཅས་ཐོབ་ཡོད་པ་ང་ལ་དོ་སྣང་བྱུང་།
ཕི་ནེ་ཏཱ་ཡིས“ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དེས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཁ་གསལ་བའི་སྤྱི་ཚོགས་ཀྱི་དམིགས་ཚད་གཉིས་ངེས་པར་དུ་ཟུང་འབྲེལ་བྱེད་དགོས་ལུགས་དང་། རྒྱལ་ཁབ་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་གཉིས་ངེས་པར་དུ་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས་ལུགས་ང་ཚོར་ཤེས་སུ་བཅུག་ཡོད”ཅེས་བརྗོད།
མིག་སྔར་རྒྱལ་སྤྱིའི་དུས་བབ་ཡོ་ལང་ཆེ་རུ་འགྲོ་ལ་ས་འབྲེལ་གྱི་གདོང་གཏུག་ཀྱང་ཡང་སེ་ཐོན་གྱི་ཡོད། ཕི་ནེ་ཏཱ་ཡིས། ཀྲུང་གོ་འདི་ཉིད“གོ་ལ་ཧྲིལ་པོ་བརྟན་ལྷིང་དང་། མཉམ་ལས། འཕེལ་རྒྱས་བཅས་ཡོང་བའི་སྟོབས་ཤུགས་གལ་ཆེན” ཞིག་ཏུ་འགྱུར་བཞིན་ཡོད། “ཀྲུང་གོས་ཕྱོགས་མང་རིང་ལུཌ་དར་སྤེལ་ཧུར་ཐག་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བརྟན་པོ་བྱས་པར་བསྔགས་བརྗོད་བྱེད་དགོས་ངེས་རེད”ཅེས་བརྗོད་ཅིང་། ཁོང་གིས“ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་འཇོག་བྱས་པའི་རྨང་གཞིའི་ཐོག གླེང་མོལ་དང་གྲོས་མོལ་བྱས་ནས་མི་མཐུན་པའི་ཆ་ཐག་གཅོད་བྱེད་དགོས་པའི་ནན་བཤད་བྱེད་ཀྱི་ཡོད”ཅེས་བརྗོད། ཁོང་གི་ངོས་འཛིན་ལྟར་ན། ཀྲུང་གོས་མཉམ་ལས་དང་། ཐུན་མོང་འཕེལ་རྒྱས་གཏོང་བ། དེ་བཞིན་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་དགོས་པ་སོགས་ལྟ་བ་ནན་བཤད་བྱས་པ་དེ་དེང་སྐབས་འཛམ་གླིང་གི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རིང་ཀྲུང་གོས་འགག་རྩའི་ནུས་པ་དེ་བས་ཆེན་པོ་འདོན་བཞིན་ཡོད།
ཕི་ནེ་ཏཱ་ཡིས། “དེང་སྐབས་འཛམ་གླིང་ལ་དངོས་སུ་མཁོ་བ་ནི་བསམ་ཤེས་མང་ཙམ་དང་འགྲན་རྒོལ་ཉུང་ཙམ་བྱེད་རྒྱུ་དེ་རེད”ཅེས་བརྗོད། ཁོང་གིས། ངས་ཀྲུང་གོ་ནས་མཐོང་ཐོས་བྱུང་བ་དག་སི་ཕེན་དང་ཐ་ན་ཡོ་རོབ་ཀྱི་མང་ཚོགས་ལ་བཤད་དེ་ཡོ་རོབ་བ་དེ་བས་མང་པོས་དོན་དངོས་ནས་འགོ་བརྩམས་ཏེ། ཀྲུང་གོར་ཤེས་རྟོགས་དང་རྒྱུས་ལོན་དངོས་འབྲེལ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད། ཁོང་གིས“འབྱུང་འགྱུར་གླེང་མོལ་མང་ཙམ་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་། མཉམ་ལས་དེ་བས་མང་ཙམ་བྱེད་པ་ལས་ཤོག་ཁག་ཕྱེ་ནས་ཁ་གཏད་དུ་མི་ལངས་པ། ཕན་ཚུན་བརྩི་འཇོག་མང་ཙམ་བྱེད་པ་ལས་རང་ཉིད་ཀྱི་འདོད་བློ་གཞན་ལ་བཙན་ཤེད་ཀྱིས་མི་སྦྱར་བ་བཅས་བྱེད་དགོས་པར་བརྟེན། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་རིང་ཀྲུང་གོའི་ནུས་པ་དེ་བས་ཆེན་པོ་ཐོན་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།