དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྔོག་འཕྲུལ་ལ་བརྟེན་ནས་མི་ཚེར་འགྱུར་ལྡོག་བཏང་བ།

    —— ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་གི་ཚེ་རིང་འཇིགས་མེད་ཀྱིས་རྩལ་ནུས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-06

    ཚེ་རིང་འཇིགས་མེད་ཀྱིས་སྔོག་འཕྲུལ་གྱི་ལྕགས་ཐག་ཐོག་འཛེགས་ནས་གཟུགས་པོ་ཕྱེད་ཀ་ཙམ་ཁ་ལོ་སྒྱུར་ཁང་དུ་འཛུལ་ཞིང་། ལག་གཡོན་མས་སྔོག་འཕྲུལ་གྱི་སྒོར་འཇུས་པ་དང་། ལག་གཡས་པས་ཁ་ལོ་བ་སྡོད་སར་ཡོད་པའི་སློབ་མར་དམར་ཁྲིད་བྱེད་བཞིན་ཡོད་པ་རེད།

    སྔོག་འཕྲུལ་གྱི་ཁ་ལོ་བ་སྡོད་སར་སློབ་མ་ཞིག་གིས་དཔྲལ་བ་དང་ལག་མཐིལ་ནས་རྔུལ་ནག་དོན་བཞིན་དངངས་སྐྲག་ཆེན་པོས་སྔོག་འཕྲུལ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད། སྐབས་དེར་ཚེ་རིང་འཇིགས་མེད་ཀྱིས་སྐད་གསང་མཐོན་པོས“དངངས་སྐྲག་མ་བྱེད། ལྷོད་ལྷོད་བྱོས་དང་། འཕྲུལ་འཁོར་རང་གི་བཀོལ་སྤྱོད་ལ་རག་ལས་ཡོད”ཅེས་ལྕག་སྐུལ་བྱས།

    འདི་ནི་ཆབ་མདོའི་པ་ཏོའུ་ལས་རིགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་ཀྱི་སྔོག་འཕྲུལ་དངོས་སྦྱོང་བྱེད་སར་རྒྱུན་དུ་ནས་མཐོང་རྒྱུ་ཡོད་པའི་རྣམ་པ་ཞིག་རེད། ཚེ་རིང་འཇིགས་མེད་ཀྱིས་གདན་ཞུས་དང་ལེན་བྱས་ཏེ་དངོས་སྦྱོང་རྩལ་འཁྲིད་པའི་འགན་འཁུར་ནས་དུས་ཚོད་ངེས་ཅན་ཞིག་འགྲོ་ཡི་ཡོད་པ་རེད། ཁོང་གིས་ཡིག་ཐོག་སློབ་ཁྲིད་ཁོ་ནར་མི་བརྟེན་པར་དམར་ཁྲིད་ཧུར་ཐག་བྱེད་ཀྱི་ཡོད་པ་རེད།

    སློབ་མ་ཡེ་ཤེས་རྒྱ་མཚོ་ནི་དཔང་རྟགས་ཡག་ཤོས་ཤིག་རེད། ཐོག་མར་གསོ་སྦྱོང་བྱེད་རིང་ཁོང་གིས་སྔོག་འཕྲུལ་གྱི་ཁ་ལོ་བ་སྡོད་སར་འཛུལ་ཡང་ནུས་ཀྱི་མེད། ད་ཆ་ཁོང་གིས་བཀོལ་སྤྱོད་བྱང་ཆུབ་པ་ཐུབ་ནས་ས་ཆ་ཁོད་སྙོམས་པའི་ལས་ཀ་རང་རྐྱ་འཕེར་བའི་ངང་ལེགས་གྲུབ་ཐུབ་ཀྱི་ཡོད། སློབ་མ་ཚོ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བ་མཐོང་སྐབས་ཚེ་རིང་འཇིཌ་མེད་ཀྱིས་དགའ་ཚོར་ཆེན་པོས“ཁོང་ཚོས་འཇོན་ཐང་ངོམ་པ་མཐོང་སྐབས་རང་ཉིད་ལ་བྱ་དགའ་ཐོབ་པ་ལས་དགའ་བ་འདུག”ཅེས་བཤད།

    སློབ་མ་ཚོའི་འགྱུར་ལྡོག་དང་ཚེ་རིང་འཇིགས་མེད་ཀྱི་འཚར་ལོངས་ནི་ན་ནིང་གི་འགྲན་བསྡུར་ཞིག་ལས་བྱུང་བ་ཡིན།

    2025ལོར“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་དེང་རབས་ལག་རྩལ་འགྲན་བསྡུར་སྐབས་དང་པོ་གཉེར་བའི་སྐོར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་དུ་ཁྱབ་པ་དང་། ཚེ་རིང་འཇིཌ་མེད་ཀྱིས“སྔོག་འཕྲུལ་འགྲན་བསྡུར”ཞེས་པའི་ཡིག་འབྲུ་དེ་དག་ལ་བལྟས་ནས་བསམ་བློ་ཞིབ་པར་བཏང་། ཁོང་གིས་ཆུང་དུས་ནས་སྔོག་འཕྲུལ་བཏང་མྱོང་ཡོད་པས་དེར་རྒྱུས་མངའ་ཆེན་པོ་ཡོད་མོད། འོན་ཀྱང་དངོས་གནས་འགྲན་བསྡུར་ནང་ཞུཌ་ཚེ་རྫོང་ཡོངས་ཀྱི་མཁས་པ་དང་མཉམ་དུ་འགྲན་བསྡུར་བྱེད་དགོས་པས། ཁོང་ལ་སྤྲོ་སྣང་དང་སེམས་ཁྲལ་གཉིས་ཀ་སྐྱེས་པ་རེད།

    འགྲན་བསྡུར་མ་བྱས་གོང་གི་ཟླ་བ་གཅིག་ནང་ཚེ་རིང་འཇིགས་མེད་ཉིན་ལྟར་ལས་ཡུལ་དུ་ཡོང་ནས་རང་འགུལ་ངང་ལས་ཡུལ་གྱི་རྒན་ལགས་ཚོར་ཆུ་ཉོ་བ་སོགས་བྱས་ནས་ཁེངས་སྐྱུང་ངང་སྔོག་འཕྲུལ་གཏོང་སྐབས་འཕྲད་པའི་དཀའ་གནད་སྣ་ཚོགས་སྐད་ཆ་དྲིས་པ་རེད། རྒན་ལགས་ཚོའི་མཛུབ་སྟོན་ཉན་རྗེས་ཚེ་རིང་འཇིགས་མེད་ཀྱིས་སྔོག་འཕྲུལ་ཡང་ནས་ཡང་དུ་བཏང་བ་དང་རང་ཉིད་ལ་འཕྲད་པའི་དཀའ་གནད་རེ་རེ་བཞིན་བསལ་ཏེ་སྔོག་འཕྲུལ་གཏོང་བའི་ལག་རྩལ་བྱང་ཆུབ་པོར་གྱུར་པ་རེད།

    འགྲན་བསྡུར་ཉིན་མོར་ཚེ་རིང་འཇིགས་མེད་ཀྱིས་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་སྨར་ཁམས་རྫོང་གི་སྔོག་འཕྲུལ་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་བླངས་པ་རེད། དེ་རྗེས་ཁོང་གིས་མུ་མཐུད་ཆབ་མདོ་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་ཞུགས་ནས་སླར་ཡང་བྱ་དགའ་ཨང་གསུམ་པ་བླངས་པ་རེད།

    འགྲན་བསྡུར་མཇུག་འགྲིལ་རྗེས་ཚེ་རིང་འཇིགས་མེད་ཀྱིས་བློ་ཡིད་ཚིམ་ནས་མ་བསྡད་པར་མུ་མཐུད་འབད་བརྩོན་བྱས་ཤིང་། སྔོག་འཕྲུལ་ལས་རིགས་རྩལ་ནུས་ཀྱི་མཐོ་རིམ་ལག་ཁྱེར་བླངས་ཏེ་རང་ཉིད་ཀྱི་བཀོལ་སྤྱོད་བརྒྱུད་རིམ་དེ་བས་གོ་རིམ་ལྡན་པ་དང་དེ་བས་ཚད་ལྡན་དུ་བཏང་ཡོད།

    དགའ་འོས་པ་ཞིག་ལ་འདི་ལོའི་དཔྱིད་ཀར་ཚེ་རིང་འཇིགས་མེད་ཆབ་མདོའི་པ་ཏོའུ་ལས་རིགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་ཀྱིས་གདན་ཞུ་བྱས་ཤིང་། ཚོད་ལྟའི་དུས་ཡུན་གྱི་ཟླ་རེར་གླ་ཆ་སྒོར་ཁྲི་1.2སྤྲད་པ་དེ་ཡར་སྔོན་ལས་ཡུལ་གཞན་དུ་གླ་པ་རྒྱུག་པ་ལས་མཐོ་བ་མ་ཟད། ལས་ཀ་བརྟན་པོའང་ཡོད་པ་རེད།

    “རང་ཉིད་གཅིག་པུ་ཕྱུག་པོ་ཆགས་པ་ནི་ཕྱུག་པོ་མིན། ཡུལ་མི་སྤུན་མཆེད་ཚོའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོ་ཆགས་ན་གཞི་ནས་ཕྱུག་པོ་ངོ་མ་ཡིན” འཚོ་བ་ཚ་ཚ་འུར་འུར་ངང་སྐྱེལ་བཞིན་པའི་ཚེ་རིང་འཇིགས་མེད་ཀྱིས་ཐོག་མཐའ་བར་གསུམ་དུ་ཉེ་འགྲམ་གྱི་ཡུལ་མི་སྤུན་མཆེད་སེམས་ནང་བཞག་ཡོད། གསོ་སྦྱོང་སློབ་ཚན་འཚོག་སྐབས། ཁོང་ནི་གཟབ་ཅིང་ནན་ལ་ངང་རྒྱུད་རིང་བའི“སློབ་དཔོན”དུ་གྱུར་ནས། བཀོལ་སྤྱོད་ཀྱི་ཞིབ་ཕྲའི་ཆ་རེ་རེ་བྱས་ཏེ་སློབ་མར་དམར་ཁྲིད་བྱས་ཤིང་། རང་ཉིད་ཀྱིས་ལོ་མང་རིང་གསོག་འཇོག་བྱས་པའི་བཀོལ་སྤྱོད་ཀྱི་ལག་རྩལ་དང་འགྲན་བསྡུར་གྱི་ཉམས་མྱོང་སྦས་གསང་སྤུ་ཙམ་མེད་པར་ཚང་མར་སློབ་ཀྱི་ཡོད།

    སྔོག་འཕྲུལ་འདིས་འགྱུར་ལྡོག་བཏང་བ་ནི་ཁོ་རང་གཅིག་པུའི་མི་ཚེ་ཙམ་ག་ནས་ཡིན། དེས་མི་མང་པོའི་འཚོ་བར་འགྱུར་ལྡོག་ཐེབས་ཡོད། རྒྱབ་རོལ་གྱི་སློབ་ཁང་ནང་གི་མིག་ཟུང་25ལས་རེ་བའི་འོད་མདངས་འཕྱུར་ཞིང་། ལག་རྩལ་སྦྱངས་འདོད་དང་མདུན་ལམ་འཚོལ་འདོད་ཀྱི་ཡུལ་མི་སྤུན་མཆེད་དེ་བས་མང་བས་ཧུར་ཐག་འབད་ཐག་གིས་ཁ་ཕྱོགས་གཅིག་ལ་ཕྱོགས་ནས་མདུན་དུ་སྐྱོད་བཞིན་ཡོད། ཚང་མས་ལག་རྩལ་སྣ་གཅིག་ལ་བརྟེན་ཏེ་ས་རྡོའི་ཁྲོད་ནས་བདེ་སྐྱིད་འཚོ་བའི་ལམ་བུ་བཤངས་ཤིང་དངོས་སྒྲུབ་ལ་བརྟེན་ཏེ་བདེ་སྐྱིད་འཚོ་བར་རོལ་བས། རྐང་འོག་གི་ས་གཞི་གཤིན་པོ་དེ་ལས་རེ་བ་གསར་པ་རྒྱུན་མཐུད་སྦྱིན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།