ནག་ཆུ་གྲོང་ཁྱེར་གྱིས་དབྱར་རྩྭ་དགུན་འབུ་སོས་པ་སྦྲག་བསྐུར་གྱི་དམངས་ཕན་སྲིད་ཇུས་བཏོན་པ།
ཉེ་ཆར་ནག་ཆུ་གྲོང་ཁྱེར་དུ་དབྱར་རྩྭ་དགུན་འབུ་སོས་པ་འཐུ་བ་དང་ཕྱིར་ཚོང་བྱེད་མང་བའི་དུས་སུ་སླེབས་ཤིང་། དབྱར་རྩྭ་དགུན་འབུ་ས་མཐོ་ནས་མ་གནས་དམའ་པོས་གང་མགྱོགས་བཙོང་ཐུབ་ཆེད། ནག་ཆུ་གྲོང་ཁྱེར་གྱིས“སྲིད་གཞུང་གིས་ཆག་ཡང་ངམ་རྩ་ཆག་གཏོང་བ་དང་སྦྲག་ལས་ཀྱིས་སྐུར་སྐྱེལ་ཟུང་འབྲེལ”གྱི་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གྱི་དམངས་ཕན་ལས་དོན་སྒྲུབ་སྟངས་བཏོན་ནས། དབྱར་རྩྭ་དགུན་འབུ་སོས་པའི་མྱུར་སྐྱེལ་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་ཏན་ཏིག་བཏང་སྟེ་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་ཤར་གཏོང་བྱས་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། སྲིད་ཇུས་ལག་ལེན་བསྟར་ནས་ཉིན་5ཡང་མ་སོང་བར། ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་550ལྷག་ཙམ་བྱུང་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་ཆེད་དོན་མ་དངུལ་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་དབྱར་རྩྭ་དགུན་འབུ་སོས་པ་སྦྲག་ཐོག་ནས་བསྐུར་བའི་འགྲོ་གྲོན་གྱི་ཁ་གསབ་ཏུ་སྤྲད་ཅིང་། སྲིད་ཇུས་བཏོན་རྗེས། ནག་ཆུ་གྲོང་ཁྱེར་སྦྲག་ལས་ཡན་ལག་ཀུང་སིས་ཆེད་དོན་ལས་དོན་རུ་ཁག་བཙུགས་ནས་ལས་ཡུལ་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྲུང་གིས་བསྐུར་མ་བསྐུར་ལེན་དང་། བསྐུར་མ་དབྱེ་གསེད་ཐུམ་སྒྲིལ། གྲང་ཕྲེང་གསོག་འདྲེན་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་དང་བཀོད་གཏོང་བྱས་ནས་བསྐུར་སྐྱེལ་འཁོར་འབྲེལ་བདེ་བླག་དང་ནུས་ཆེ་ཡོང་བའི་འགན་ལེན་བྱས་པ་དང་། ཏང་ཡོན་དང་གུང་གཞོན་སྡེ་ཚོགས་ཀྱི་རྐང་འཛིན་སྟོབས་ཤུགས་ལ་བརྟེན་ནས་འཕྲལ་སྒྲུབ་རུ་ཁག་དང་ཆེད་དོན་དོས་སྐྱེལ་རུ་ཁག་གིས་མཉམ་དུ་ཐུམ་སྒྲིལ་བརྒྱབ་ནས་འཐབ་ས་དང་པོའི་ལས་སྒྲུབ་ཀྱི་སྟོབས་ཤུགས་ཆེ་རུ་བཏང་བ་མ་ཟད། ལས་སྒོའི་རྐང་འཛིན་པ་གཞི་རིམ་གྱི་དྲ་ཚིགས་སུ་བཅའ་སྡོད་བྱེད་པར་བཏང་ནས་ས་གནས་ས་ཐོག་ཏུ་ལས་སྒྲུབ་ཀྱི་བརྒྱུད་རིམ་ཚད་ལྡན་ཡོང་བར་མཛུབ་ཁྲིད་བྱས་ཏེ་བཀོལ་སྤྱོད་བྱེད་རིང་འཕྲད་པའི་ཞིབ་ཕྲའི་གནད་དོན་ཐག་གཅོད་ཀྱང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་སྲིད་གཞུང་དང་ཁེ་ལས་དབར་གྱི་མཐུན་སྦྱོར་ལམ་སྲོལ་མུ་མཐུད་ཟབ་ཏུ་བཏང་བའི་ཐོག ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་སྦྲག་བསྐུར་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་ལེགས་སུ་དང་ཟོག་འགྲེམས་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ནས། ཁྱད་ལྡན་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་དང་གྲོང་གསེབ་དར་རྒྱས་འགྲོ་བར་མཐུན་རྐྱེན་སྦྱར་ཏེ་ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་མུ་མཐུད་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།