དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བློ་སེམས་གཅིག་སྒྲིལ་ཞི་མཐུན་བཏོད། བདེ་སྐྱིད་མེ་ཏོག་གང་སར་བཞད།

    —— ལྷོ་ཁ་ས་ཁུལ་གྲོང་ཁྱེར་ལ་བསྒྱུར་ནས་ལོ་བཅུ་སོང་རིང་གི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-06

    2016ལོར། ལྷོ་ཁ་ས་ཁུལ་གྲོང་ཁྱེར་ལ་བསྒྱུར་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད། ལོ་བཅུའི་རིང་། ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིད་སྟོན། དྲིལ་བསྒྲགས་སློབ་གསོར་བརྟེན་ནས་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་བ་བཅས་བྱས་ཏེ། ཡར་ཀླུང་གི་ས་གཞི་ཆེན་པོར་གཞོམ་ཞིག་བྲལ་བའི་མཐུན་སྒྲིལ་བརྟན་ལྷིང་གི་ལྕགས་རི་རིང་པོ་ཞིག་བསྐྲུན་ཡོད། མི་རིགས་29དང་མང་ཚོགས་ཁྲི་36.4ཕན་ཚུན་སྤུན་ཉེ་ལྟར་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་བྱས་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་གསོན་ཉམས་དོད་པའི་ལེའུ་མཉམ་དུ་བརྩམས་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་བཀྲག་མདངས་འཚེར་བར་བྱས་ཡོད།

    ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་མཐུན་སྒྲིལ་གྱི་བླ་སྲོག་བརྟན་དུ་བཏང་བ།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་འདུ་འགོད་དུ་བརྩིས་ནས“མོས་སེམས་ལྔ”ཟབ་ཏུ་གཏོང་བའི་འདུ་འགོད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྤེལ་བའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ་རང་རེའི་ཀྲུང་ཧྭ་ལ་དགའ་བའི་ས་བོན་མི་རིགས་ཁག་གི་མི་དམངས་ཀྱི་སེམས་དབུས་སུ་བཏབ་ཡོད།

    རིག་གནས་ཀྱི་མོས་སེམས་ནི་མོས་སེམས་ཟབ་ཤོས་རེད། ལྷོ་ཁ་གྲོང་ཁྱེར་གྱིས་བརྩམས་པའི་གར་སྟེགས་ཟློས་གར《འཕྲིན་ཡིག·ཏང་གི་འོད་ཟེར་མཐའ་མཚམས་ཡུལ་ལ་འཕྲོས》དང་རོལ་དབྱངས་ཟློས་གར《འཆད་ལམ་མཉམ་འགྲོགས》སོགས་རིག་རྩལ་བརྩམས་ཆོས་800ལྷག་ཙམ་ལས་146ལ་རྒྱལ་ཁབ་ཀྱི་ཆེད་དོན་རོགས་སྐྱོར་མ་དངུལ་ཐོབ་པ་དང་། 《ལྷོ་ཁའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཕྱོགས་བསྒྲིགས》དང་། འགུལ་རིས་དྲིལ་བསྒྲགས་གློག་བརྙན《བོད་ལྗོངས་གསར་པའི་ལྷོ་ཁ》《ཁྱིམ་ནི་ཡུལ་སྨད·རྒྱལ་ཁབ་ནི་ཀྲུང་གོ》སོགས་བརྩམས་ཆོས་རྩེ་གྲ་བརྩམས་ཏེ་མི་རིགས་མཐུན་སྒྲིལ་གྱི་མཚོན་རྟགས་དང་། སློབ་གསོའི་གཡུལ་ས། དྲིལ་བསྒྲགས་བར་ཁྱམས་སོགས་1000ལྷག་ཙམ་བཏོད་དེ། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་ཤང་དང་གྲོང་རྡལ་དང་། གྲོང་ཚོ་དང་གྲོང་ལྷན་དུ་སྣུར་སྲིང་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་སོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་ཁྱབ་གདལ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་བས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་མཁན་ཇེ་མང་དུ་སོང་ནས་མི་རིགས་ཁག་གི་མང་ཚོགས་དབར་སྐད་བརྡ་འཕྲོད་པ་ལས་སེམས་པ་གཅིག་མཐུན་དང་བརྩེ་སེམས་ཟབ་ཏུ་འགྲོ་བར་སྐུལ་འདེད་ཐེབས་ཡོད།

    འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་བཏང་ནས་སྤུན་ཉེ་འཆམ་མཐུན་ཡོང་བར་བྱས་པ།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཕན་ཚུན་མཉམ་སྡོད་རྣམ་པའི་སྤྱི་ཚོགས་ཀྱི་རྣམ་པ་ཧུར་ཐག་བཏོད་དེ་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་འགྲོ་འོང་བྱེད་པའི་ཁྲོད་བརྩེ་དུང་ཇེ་ཟབ་ཏུ་འགྲོ་ཐུབ་པར་བྱས་ཡོད།

    མི་རིགས་ཁག་མཉམ་དུ་འཚོ་སྡོད་བྱེད་པ་ནི་རྒྱུན་གཏན་ཞིག་ཏུ་གྱུར་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་བསྐྲུན་པའི“ཁུ་བྱུག་གླིང”དང་། “སྐར་དམར་སྡེ་ཁུལ” “དགའ་གདོང་མཐུན་སྒྲིལ་གྲོང་གསར”སོགས་མི་རིགས་ཁག་མཉམ་སྡོད་སྡེ་ཁུལ་དག་ད་ཆ་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་ཀྱི་བདེ་སྐྱིད་ལྡན་པའི་དཔེ་མཚོན་དུ་གྱུར་ཡོད། ཐེན་མ་རྒྱལ་སྤྱིའི་ཚོང་ལས་ལྟེ་གནས་སུ་མི་རིགས་མང་པོ་མཉམ་དུ་འདུས་ཡོད་པ་དང་། ཚོང་དུད་500ལྷག་ཙམ་ཕན་ཚུན་རོགས་རེས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བཞིན་ཡོད། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི“སྣ་མང་ཕུན་སུམ་ཚོགས་པའི་དང་བླངས་ཞབས་ཞུའི”བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཚོ“མཉམ་དུ་གླུ་ལེན་གར་འཁྲབ་དང་དུས་ཆེན་གཏོང་བའི”བྱེད་སྒོ་ཧུར་ཐག་སྤེལ་ཏེ་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བཏོད་ཡོད།

    “ང་ཚོའི་འདི་གར་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་མང་པོའི་ཚོང་པ་ཡོད་པས་ཚང་མ་ཁྱིམ་ཚང་གཅིག་ལྟར་ཕན་ཚུན་བརྩེ་པོ་ཡོད”ཅེས་ཐེན་མ་རྒྱལ་སྤྱིའི་ཚོང་ལས་ལྟེ་གནས་ཀྱི་ཚོང་དུད་ཨ་པུའུ་ཏུའུ་རེ་ཧོ་མན·མའེ་མའེ་ཐི་ཡིས་བཤད།

    འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དཔེ་མཚོན་ཟམ་མི་ཆད་པར་ཐོན་བཞིན་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས“ཚོགས་པའི་ཉམས་ལེན་དང་། ཚོགས་པའི་ལས་ཞུགས། ཚོགས་པའི་དོ་དམ། ཚོགས་པའི་ཞབས་ཞུ། ཚོགས་པའི་ཕན་འབྲས”བཅས་ཀྱི་ལས་ཀའི་བསམ་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཁ་གཏད་བོད་སྐྱོར་བྱེད་མཁན་ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱིས“ཚོགས་སྒྲིག་རྣམ་པའི”ལས་ཞུགས(ལྟ་སྦྱོང)རྟེན་གཞི་མང་པོ་བསྐྲུན་ནས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་རྒྱུན་ཆད་མེད་པར་རམ་འདེགས་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་དང་དུས་ཐུང་བོད་སྐྱོར་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་བོད་དུ་ལས་ཀ་བྱེད་པར་ཡོང་བར་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་སྦྲེལ་མཐུད་བྱས་ཏེ་རོགས་སྐྱོར་བྱ་ཡུལ་དང་བྱེད་མཁན་་ཕྱོགས་གཉིས་པོའི་དབར་སྤེལ་རེས་བྱེད་སྒོ་ཐེངས་མང་སྤེལ་བ་དང་འབྲེལ། “ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་དང་ས་གནས་དེ་གའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིར་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་བསྐྱོད་དེ་ལྗོངས་ཕྱི་ནང་གི་ཤེས་ལྡན་པའི་ཕྱོགས་གཉིས་འགྲོ་རྒྱུག་ལ་སྔར་བས་སྐུལ་འདེད་བཏང་ཡོད།

    གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ནས་ཡུན་རིང་བདེ་འཁོད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བཙུགས་པ།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་བཅོས་སྐྱོང་དང་། འབྱུང་རྩ་ནས་བཅོས་སྐྱོང་། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་པར་མཉམ་དུ་ཤུགས་སྣོན་བརྒྱབ་པས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། མི་རིགས་མཐུན་སྒྲིལ་གྱི་ཟངས་གྱང་ལྕགས་རྩིག་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པ་བཅས་བྱུང་ནས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”དུ་བདམས་པ་རེད།

    ཁྲིམས་སྐྱོང་གི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ། ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། “བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་ཏང་གི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ལ་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

    ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་ཟབ་ཏུ་བཏང་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ། ལྷོ་ཁ་གྲོང་ཁྱེར་གྱིས་དྲ་མིག་ཅན་གྱི་དོ་དམ་དང་གཉིས་ལྡན་དུད་སྦྲེལ་ཟུང་འབྲེལ་གྱི་ཞབས་ཞུ་དོ་དམ་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་ཆབས་ཅིག ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་དྲ་མིག་བཅོས་སྐྱོང་ཟུང་འབྲེལ་གྱི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་བས། “སྐར་གསོག་ལམ་ལུགས”ཀྱི་བཅོས་སྐྱོང་བྱེད་སྟངས་གྲོང་ཚོ་དང་གྲོང་ལྷན་དུ་ཁྱབ་གདལ་ནུས་ལྡན་ཕྱིན་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་པ་དང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་རང་འགུལ་ཤེས་རྟོགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ཚོགས་རོགས་སྐྱོབ་དེ“མིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་མི་འཚོལ་བའི”བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་བ། “མང་ཚོགས་གང་དུ་ཡོད་ན་ཞབས་འདེགས་དེ་གར་ཞུ་བའི”འདུ་ཤེས་མཐའ་འཁྱོངས་ཀྱིས་ལས་ཞུགས་ཞབས་ཞུའི་དྲ་བ་ཟམ་མི་ཆད་པར་ཚགས་དམ་དུ་བཏང་བ་རེད།

    ལས་ཞུགས་འགན་ལེན་ཐད། ལྷོ་ཁ་གྲོང་ཁྱེར“ཞིང་ཆུ་ལེབ་གཏོང”བྱེད་པ་ནས“གནད་འཕིགས་ཐིགས་ཆུ་གཏོང་བའི”བར་འགྱུར་ལྡོག་ཕྱིན་པ། ལས་ཞུགས་བློ་རིག་ཅན་གྱི་གདན་ཞུའི་ཞབས་ཞུའི་ཚོམས་ཆེན་བསྐྲུན་ནས་བེད་སྤྱོད་བྱེད་འགོ་ཚུགས་ཏེ། དྲ་ཐོག་དང་དྲ་ཕྱིར་ལས་མི་བསྡུ་བར་མཉམ་འདྲེས་སྐུལ་འདེད་བཏང་བ་དང་། ལོ་ལྟར་ཕྱོགས་བསྡུས་ལས་བསྡུའི་འདུ་ཚོགས་ཆེ་གྲས་ཐེངས་4ལས་མི་ཉུང་བ་དང་ལས་བསྡུའི་འདུ་ཚོགས་རྩེ་གྲ་ཆུང་གྲས་ཐེངས་24ལས་མི་ཉུང་བ་གཉེར་བ། གྲངས་འཛིན་ཉིན་གླའི་ཁྲོམ་རའི་བེད་སྤྱོད་ཁྱབ་སྤེལ་འདུ་འགོད་ལག་ལེན་བསྟར་བས་ལོ་རེར་ཐོ་འགོད་བྱེད་ཚད་མི་8000ཡན་དང་ཚོང་འགྲིག་ཚད་1000ལྷག་ཟིན་ཏེ། ཉིན་གླ་སྤྲོད་མཁོའི་སྦྲེལ་མཐུད་ཐབས་ལམ་བཏོད་ཡོད་པ་རེད།

    འགོ་འཛུགས་ས་གསར་པའི་ཐོག ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་དར་ཆ་གངས་ལྗོངས་ས་མཐོར་མཐོན་པོར་བསྒྲེང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།