སེང་གེ་ཁ་འབབ་ངོགས་སུ་ལས་བྲེལ་ཆེ།
མིག་སྔར་མངའ་རིས་ས་ཁུལ་ཨར་ལས་བྲེལ་བ་ཆེ་ཤོས་ཀྱི་དུས་སུ་སླེབས་ཡོད། སེང་གེ་ཁ་འབབ་ངོགས་སུ་འཕྲུལ་འཁོར་ནས་ལྡིར་སྒྲ་གྲགས་པ་དང་། འདེགས་འཁོར་ཡར་འདེགས་མར་འབེབས་ལ་བྲེལ་ནས་ལས་འགོ་བསྐྱར་འཛུགས་ཀྱི་རྣམ་གྲངས་དུས་ཚོད་དམ་འཛིན་གྱིས་ལས་མཇུག་འགྲིལ་རྒྱུར་གཞོལ་བ། རྣམ་གྲངས་གསར་པ་ལས་འགོ་བརྩམས་ཏེ་རྩིག་རྨང་འདིང་བཞིན་ཡོད་པ་སོགས་ཕྱོགས་གང་ས་ནས་བྲེལ་བརྩོན་གྱི་རྣམ་པ་མངོན་བཞིན་མཆིས།
སེང་གེ་ཁ་འབབ་འགྲམ་ནས་ཐད་ཀར་མདུན་ཕྱོགས་སུ་སྐྱོད་སྐབས། སེང་གེ་ཁ་འབབ་ཀྱི་གཞུ་དབྱིབས་ཟམ་པའི་ཨར་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་བྲེལ་འཚུབ་ཀྱིས་ཁེངས་པ་གསར་འགོད་པས་མཐོང་བྱུང་། ལམ་གནོན་འཕྲུལ་འཁོར་གྱིས་ལམ་ངོས་ཁོད་སྙོམས་པའི་འུར་སྒྲ་གང་ས་ནས་གྲགས་བཞིན་ཡོད་པ་དང་། ཨར་པོ་བ་རྣམས་ཀྱིས་ལས་གོས་དང་བདེ་འཇགས་ཞྭ་མོ་གྱོན་ཏེ་མཉམ་དུ་ནན་ཏན་ངང་ལམ་ངོས་བཅག་བཅག་བྱེད་བཞིན་ཡོད་ཅིང་། གཞོགས་གཅིག་ནས་ཆུ་གཏོར་སྒྲིག་ཆས་ཀྱིས་ལམ་ངོས་སུ་ཆུ་གཏོར་ནས་བཞའ་ཚན་སྲུང་བའི་བདག་སྐྱོང་བྱེད་ཀྱི་ཡོད།
ཟམ་པ་དེ་ནི་ན་ནིང་གི་ཟླ་བཅུ་པར་ཟམ་སྣེ་བདེ་བླག་ངང་མཐུད་དེ་སྒྲོམ་གཞི་ཧྲིལ་པོ་བསླངས་ཟིན་པ་རེད། དགུན་དུས་ལས་མཚམས་བཞག་ནས་ད་ལོའི་ཟླ་བཞི་པར་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་བྱས་པ་དང་། རྗེས་མཐུད་ཀྱི་ཞོར་གཏོགས་ལས་གྲྭ་དང་། ལམ་ངོས་ཨར་སྐྲུན། དེ་བཞིན་ལེ་ལག་ཚང་བའི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཞིང་། མིག་སྔར་ལས་གྲྭ་ཧྲིལ་པོའི་ལས་འབོར་གྱི་93%ལེགས་གྲུབ་ཟིན་ནས་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཉེར་ཡོད་པ་རེད།
“ང་ཚོས་ཉིན་ལྟར་བཟོ་པ་45ལ་རེས་སྐོར་ལས་སྒྲུབ་བྱེད་དུ་བཅུག་ནས་ནུས་ཤུགས་ཡོད་རྒུས་མྱུར་ཚད་མགྱོགས་སུ་བཏང་སྟེ་སྤུས་ཚད་འགན་ལེན་བྱེད་ཀྱི་ཡོད། ཟམ་པ་དེའི་སྤྱིའི་རིང་ཚད་ལ་སྨི་117ཟིན་པར་ཁྱོན་མ་དངུལ་སྒོར་ཁྲི་12999.56བཏང་ཡོད། རྣམ་གྲངས་དེ་བསྐྲུན་རྗེས། སེང་གེ་ཁ་འབབ་གྲོང་རྡལ་གྱི་ལྷོ་བྱང་ངོགས་གཉིས་ཀྱི་འགྲིམ་འགྲུལ་ཤར་གཏོང་ཐུབ་ནས་མང་ཚོགས་ཀྱི་འགྲོ་འོང་དུས་ཚོད་ཐུང་དུ་འགྲོ་རྒྱུ་རེད། ལས་གྲྭ་ཧྲིལ་པོ་ཟླ་བ་བརྒྱད་པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་ནས་སེང་གེ་ཁ་འབབ་ཀྱི་ལྷོ་བྱང་ངོགས་གཉིས་ཀྱི་འགྲིམ་འགྲུལ་ཕྱོགས་ཡོངས་ནས་ཤར་གཏོང་བྱེད་ཐུབ”ཅེས་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ཅུས་དང་པོའི་ལས་གྲྭ་དང་པོའི་ཚད་ཡོད་ཀུང་སིའི་སེང་གེ་ཁ་འབབ་གཞུ་དབྱིབས་ཟམ་པའི་རྣམ་གྲངས་ཀྱི་ལག་རྩལ་འགན་འཁུར་བ་ཀྲང་ཧྲོའུ་ཆན་གྱིས་བཤད།
དེ་ནས་བར་ཐག་མི་རིང་བའི་མངའ་རིས་ས་ཁུལ་ཚོང་ལས་ཕྱོགས་བསྡུས་རྣམ་གྲངས་བསྐྲུན་ཡུལ་དུའང་ཨར་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། ལས་ཡུལ་དུ་འདེགས་འཁོར་གྱིས་ཨར་སྐྲུན་རྒྱུ་ཆ་བཀྱགས་ནས་དབོར་བཞིན་ཡོད་པ་དང་། བཟོ་པ་ཚོས་ལས་བགོས་མཉམ་སྒྲུབ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ཏེ་ལྕགས་རྩིབ་བསྡམ་པ་དང་སྒྲིག་པང་སྒྲིག་སྦྱོར་གོ་རིམ་ལྡན་པའི་ངང་བྱས་ནས་ས་ངོས་ཀྱི་ཐོག་བརྩེགས་དང་པོའི་སྒྲོམ་གཞི་ཧུར་ཐག་སློང་བཞིན་ཡོད། མིག་སྔར་རྣམ་གྲངས་དེའི་ས་འོག་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་པ་དང་། ས་ངོས་ཀྱི་ཁང་པ་རིམ་པས་རྩེག་བཞིན་ཡོད་པས། ཁང་པའི་སྒྲོམ་གཞི་མིག་ལམ་དུ་ཉིན་བཞིན་གསལ་ལེར་མངོན་བཞིན་མཆིས།
འཛུགས་སྐྲུན་ཚན་པའི་རྣམ་གྲངས་འགན་འཁུར་བ་ཀྲོའུ་ཧྥུའུ་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་4ཙམ་ཟིན་པ་དང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་4.5ཙམ་ཟིན་པ། ལས་འབོར་ཆེ་ཞིང་ལས་རྣམ་སྣ་ཚོགས་ཡོད། རྣམ་གྲངས་དེ་ནི་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཚོང་ལས་ཞབས་ཞུའི་ཞན་ཆ་གསབ་པའི་འགག་རྩའི་ལས་གྲྭ་ཞིག་ཡིན་པར་བརྟེན། དེས་ཐར་ཐོར་གྱི་འཚོ་བའི་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་གྱིས་མང་ཚོགས་ལ་རང་ཉིད་ཀྱི་སྒོ་འགྲམ་ནས་རྒྱུན་གཏན་འཚོ་བའི་དགོས་མཁོ་བསྐངས་ཏེ་ཐག་ཉེ་སར་འཚོ་བ་སྐྱེལ་བ་དང་ཐག་ཉེ་སར་འཛད་སྤྱོད་ཐུབ་རྒྱུ་རེད།
ད་ལོ་མངའ་རིས་ས་ཁུལ་གྱིས་གཙོ་གནད་རྣམ་གྲངས་ཁག་239ལག་ལེན་བསྟར་རྩིས་ཡོད་པ་དེ་དག་དམངས་འཚོ་ལེགས་གཏོང་དང་། རྨང་གཞིའི་སྒྲིག་བཀོད། གྲོང་ཁྱེར་གྱི་ལེ་ལག་ཚང་སྒྲིག ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་མ་ཟད། མཐུད་སྐྲུན་དང་གསར་སྐྲུན་རྣམ་གྲངས་ལའང་མཉམ་དུ་ཤུགས་སྣོན་རྒྱག་རྒྱུ་རེད། མིག་སྔའི་བར། མངའ་རིས་ས་ཁུལ་གྱི་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱེད་ཚད་41%ཟིན་པ་དང་རྣམ་གྲངས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་259.3%ཙམ་འཕར་ནས་ལོ་ཧྲིལ་པོའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཡོད།
“མངའ་རིས་ས་ཁུལ་གྱི་ཨར་ལས་དུས་ཡུན་ཐུང་བས་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུ་ནར་འགྱངས་བྱེད་མི་རུང་བར་བརྟེན། ང་ཚོས་རྣམ་གྲངས་འཛུགས་སྐྲུན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ནུས་ཤུགས་ཡོད་རྒུས་དཀའ་གནད་སྣ་ཚོགས་བསལ་ཡོད”ཅེས་མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་དཔལ་འབྱོར་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཐའོ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། མངའ་རིས་ས་ཁུལ་གྱིས་ན་ནིང་གི་དུས་ཚིགས་བཞི་པར་2026ལོའི་རྣམ་གྲངས་འཆར་འགོད་དང་གྲབས་གསོག་ལས་དོན་སྔ་སྣུར་ནས་སྤེལ་འགོ་བརྩམས་པ་དང་། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་ཚིགས་ཀྱི་འགག་སྒྲོལ་བྱ་སྤྱོད་ཇུས་གཞི་བཀྲམ་པ། རྫོང་དང་སྡེ་ཚན་རེ་རེ་བཞིན་ལ་་དམིགས་ཚད་ལས་འགན་ཁག་བགོས་ཞིབ་ཕྲ་དང་རིམ་པ་བཞིན་ལས་ཀའི་འགན་འཁྲི་ནན་དུ་བཏང་བ་མ་ཟད། རྣམ་གྲངས་གལ་ཆེན་འགན་གཙང་འགན་ལེན་དང་དེ་བཞིན་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཟླ་རེའི་བཀོད་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་པས་རང་འགུལ་ངང་འཐབ་ས་དང་པོ་དང་མདུན་ཕྱོགས་སུ་ཞབས་འདེགས་གནད་སྨིན་ཞུས་ཏེ། རྣམ་གྲངས་གལ་ཆེན་གྱི་ས་ཆ་སྤྱོད་པ་དང་ཨར་སྐྲུན་རྒྱུ་ཆ་འགན་ལེན་སོགས་ཀྱི་དཀའ་གནད་དང་འགག་གནད་ལ་སྤྱི་འདོམས་མཐུན་སྦྱོར་ཐག་གཅོད་བྱས་ནས་རིགས་ཁག་གི་རྣམ་གྲངས་ལ་གོ་རིམ་ལྡན་པར་སྐུལ་འདེད་དང་ལག་ལེན་དཔྱིས་ཕྱིན་པ་བསྟར་ཐུབ་པའི་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།