དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་གསར་པ་མཉམ་དུ་གཏོད།

    —— སྐྱེ་ཁམས་ཁོར་ཡུག་གི་དང་བླངས་པས་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པའི་སྐོར་གྱི་ཟུར་བཀོད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏུང་སི་ཡུས། ཀུའུ་ཀྲུང་དབྱང་།   |     སྤེལ་དུས།  2026-06-06

    རི་སྔོན་ཆུ་དྭངས་ནི་ཀྲུང་གོའི་ས་གཞི་ཆེན་པོར་བཀྲམ་པའི་མཛེས་རིས་ཤིག་རེད། དང་བླངས་ཞབས་ཞུ་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལམ་བུ་གསལ་བའི་དྲོད་ལྡན་དཔལ་འབར་ཞིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱེ་ཁམས་བཟང་པོ་སྐྱེ་བོ་ཀུན་གྱིས་མཉམ་སྤྱོད་བྱེད་དགོས་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་སྐྲུན་ཡང་བྱེད་དགོས”ཞེས་པ་དང“སྐྱེ་ཁམས་ཤེས་དཔལ་ནི་མི་དམངས་མང་ཚོགས་མཉམ་ཞུགས་མཉམ་སྐྲུན་མཉམ་སྤྱོད་ཀྱི་བྱ་གཞག་ཅིག་ཡིན་པས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་མི་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་སྒྱུར་དགོས”ཞེས་གསུངས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་མཛུབ་ཁྲིད་འོག ཀྲུང་ཧྭའི་ས་གཞི་ཆེན་པོར་ནམ་མཁའ་དེ་བས་གཡའ་དག་པ་དང་། ས་གཞི་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ་བཅས་ཀྱི་བརྗིད་ཆེའི་རྣམ་པ་བཏོད་ཡོད། སྣ་མང་ཕུན་སུམ་ཚོགས་པའི་དུས་རབས་གསར་པའི“ལེ་དབར་སྟོང་གི་རི་ཀླུང་མཛེས་ལྗོངས”དེ་ནི་མི་དམངས་དུང་ཕྱུར་མང་པོའི་ཐུན་མོང་འབད་བརྩོན་དང་ཁ་འབྲལ་ཐབས་མེད་ལ། མི་ཁྲི་3500ལྷག་ཙམ་ཟིན་པའི་སྐྱེ་ཁམས་ཁོར་ཡུག་གི་དང་བླངས་པའི་དཔུང་ཁག་དང་ཡང་ཁ་འབྲལ་ཐབས་མེད། ཁོང་ཚོས་བརྟན་སྲུང་ལ་བརྟེན་ནས་ལྗང་མདོག་གི་རེ་བ་བསྐྱངས་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་སྐྱེ་ཁམས་ཀྱི་འགན་འཁྲི་འཁུར་སེམས་ལ་གསལ་འགྲེལ་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    “ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་སྐྲུན”ད་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོ་འཆར་ཉེའི་སྐབས་སུ་གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་གི་དང་བླངས་པར་བཅར་འདྲི་བྱས་ནས་ཁོང་ཚོས་ངོ་ཞུགས་འབད་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་གསར་པ་མཉམ་དུ་གཏོད་པའི་གཏམ་རྒྱུད་ཉན་པ་ཡིན།

    ངོ་ཞུགས་འབད་སྒྲུབ་བྱས་ནས་སྐྱེ་ཁམས་ཤེས་དཔལ་འདུ་ཤེས་ལག་ལེན་གྱི་དཔེ་བཟང་བ་ཞིག་བྱེད་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཁྱབ་སྤེལ་ཧུར་ཐག་གཏོང་མཁན་དང་ལག་ལེན་བསྟར་མཁན་དཔེ་བཟང་བ་ཞིག་བྱས་ཏེ་ཉམས་ལེན་འབད་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་བུ་རབས་ཚ་རྒྱུད་ལ་ནམ་མཁའ་གཡའ་དག་པ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་གཙང་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་གཏོད་རྒྱུའི་རེ་བ་ཡོད”ཅེས་གསུངས་ཡོད།

    ཅང་སུའུ་ཅིང་ཅང་གྲོང་ཁྱེར་179དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཡའོ་ཝུའེ་ཕིང་གིས་ལོ་19ཆུ་སྲུང་ལས་ལ་གཞོལ་ནས་སྤྱི་ལེ་4000གིས་ཆོད་པའི་ས་ཆར་བསྐྱོད་དེ་ཐོག་མའི་བསམ་འདུན་འགྱུར་བ་མེད་པར་ཆུ་སྲུང་ཉམས་མྱོང་ཁྱབ་གདལ་བཏང་།

    2007ལོའི་ཉིན་ཞིག ཡའོ་ཝུའེ་ཕིང་འབྲི་ཆུའི་འགྲམ་དུ་འཆམ་འཆམ་དུ་སྐྱོད་སྐབས་མིག་ལམ་དུ་མཐོང་བའི་གནས་ཚུལ་གྱིས་ཁོང་སེམས་པ་ཧ་ཅང་སྐྱོ་ཞིང་། ཁོང་གིས“གཙང་འགྲམ་དུ་འགྱིག་ཁུག་དང་། ལྦུ་སོབ་སྒམ། བེད་མེད་དུ་བསྐྱུར་བའི་ཉ་རྒྱ་སོགས་ཀྱིས་ཁེངས་འདུག དྲོད་ཚད་མཐོ་བས་སྙིགས་རོ་དེ་དག་རུལ་ནས་དྲི་ངན་འཐུལ་གྱི་འདུག”ཅེས་བརྗོད།

    “བུ་རབས་ཚ་རྒྱུད་ལ་ཁོར་ཡུག་འདི་འདྲ་འཇོག་མི་རུང”ཞེས་ཡའོ་ཝུའེ་ཕིང་གིས་མ་ཡུམ་གཙང་པོ་སྲུང་སྐྱོང་བྱ་ཆེད་བྱ་བ་དངོས་སྒྲུབ་རྒྱུའི་སེམས་ཐག་བཅད་ཅིང་། ལོ་དེའི་ཟླ་7པར། ཁོང་གིས་ཅིང་ཅང་གྲོང་ཁྱེར་179དང་བླངས་པའི་མཐུན་ཚོགས་བཙུགས།

    “ང་ཚོའི་ལས་ཀའི་ནང་དོན་ཆུ་སྐོར་ཟིན་ཐོ་དང་། གནད་དོན་སྙན་སེང་། སྤྱི་དམངས་ཀྱི་སློབ་གསོ་སོགས་བརྒྱུད་རིམ་ལྡན་པའི་ཆུ་སྲུང་བྱ་སྤྱོད་བར་རྒྱ་སྐྱེད་བཏང་ཡོད” ཚོགས་གཙོ་ཡིན་པའི་ཡའོ་ཝུའེ་ཕིང་གིས་རྒྱུན་དུ་རུ་སྣེ་ཁྲིད་དེ་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་རིམ་གསུམ་ཆུ་ལམ་དུ་བསྐྱོད་ནས་ས་གནས་དེ་གའི་ཆུ་བོ་དང་མཚོའི་གནད་དོན་གནད་སྨིན་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་གི་ཡོད། མིག་སྔའི་བར། “ཆུ་སྐོར”དམངས་ཁྲོད་ཆུ་དཔོན་སྤྱི་ཕན་ཚོགས་པས་ཆུ་ལམ་2500ལྷག་ཙམ་ལ་སྐོར་ཞིབ་བྱས་པར་དང་བླངས་པ་མི་ཐེངས་ཁྲི་1.5ཞུགས་པ་དང་། གནད་དོན་650ལྷག་ཙམ་ཤེས་རྟོགས་བྱུང་ནས་གོང་ཞུ་བྱས་ཡོད།

    2024ལོར། བོད་ལྗོངས་ཆུ་ཤུར་ནས་གདན་ཞུའི་ཡི་གེ་ཞིག་འབྱོར་བ་ལས་ཡའོ་ཝུའེ་ཕིང་གི་ལྗང་མདོག་སྲུང་སྐྱོང་གི་ཐོག་མའི་བསམ་འདུན་སྤྱི་ལེ་4000གིས་ཆོད་པའི་ས་ཆར་གཅིག་རྒྱུན་གཅིག་འཛིན་ཐུབ་ཡོད།

    ཆུ་ཤུར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུས་ཅིང་ཅང་གི“དམངས་ཁྲོད་ཆུ་དཔོན”གྱི་ཉམས་མྱོང་དྲངས་ཏེ་ས་གནས་དེ་གར་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་རུ་ཁག་འཛུགས་རོགས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཡའོ་ཝུའེ་ཕིང་གིས་དང་བླངས་པ་གཉིས་ཁྲིད་དེ་ལྷ་སར་བསྐྱོད་ནས་ལ་དུག་ལ་མ་འཛེམས་པར་ཆུ་ཤུར་གྱི་ཤང་དང་གྲོང་རྡལ་མང་པོར་བརྟག་ཞིབ་བསྟུད་མར་བྱས། ཕྱིར་ལོག་རྗེས་ཁོང་གིས“ཐའེ་ཀྲོའུ་དང་ཆུ་ཤུར”གྱི་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་མཉམ་སྐྲུན་འཆར་གཞི་བཟོ་རྒྱུར་སྐུལ་འདེད་བཏང་སྟེ། ཆུ་ཤུར་གྱི་དང་བླངས་པར་རྒྱུན་རྣམ་ཅན་གྱི་ཆུ་སྐོར་དང་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་ལ་རྒྱང་ཁྲིད་མཛུབ་སྟོན་གནང་ནས་ཅིང་ཅང་གི་ཉམས་མྱོང་གངས་ལྗོངས་ས་མཐོར་ཁྱབ་སྤེལ་བཏང་བ་རེད།

    མེ་སྟག་དཔལ་འབར་ལ་གྱུར་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ནས་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་མེས་རྒྱལ་གྱི་ས་གཞི་ཆེན་པོ་དེ་བས་སྔོ་ལྗང་ཅན་དུ་འགྱུར་བ་དང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བར་བྱེད་དགོས”ཞེས་གསུངས་ཡོད།

    ཤར་རྒྱ་མཚོའི་ངོགས་སུ་མཚོ་ཁ་བྲི་ཞིང་། ཀྲེ་ཅང་ཀྲོའུ་ཧྲན་གྲོང་ཁྱེར་ཏའེ་ཧྲན་རྫོང་ཁྲང་ཐུའུ་གྲོང་རྡལ་གྱི་མཚོ་འགྲམ་དུ་ཁན་སྦྱར་དམར་པོ་གྱོན་པའི་གཟུགས་བརྙན་མང་པོ་མཐོང་རྒྱུ་ཡོད། འདི་ནི་ཁྲང་ཐུའུ་གྲོང་རྡལ་ཅིན་དབྱིན་བུད་མེད་ཉ་ལས་མཐུན་ཚོགས་ཀྱི་ཚོགས་མིས་རྒྱ་མཚོའི་གད་སྙིགས་སྒྲུག་པའི་རྣམ་པ་རེད།

    མིག་སྔའི་བར་མཐུན་ཚོགས་དེས་རིམ་རྩིས་བརྒྱབ་ན་ཉ་འཛིན་ཡོ་བྱད་དང་། དོལ་དྲ། ཉ་གྲུ་བཅས་རྙིང་ཧྲུལ་གྱི་འཚོ་བའི་གད་སྙིགས་ཏུན་70ལྷག་ཙམ་ཚུར་བསྡུ་བྱས་པས་ཐཱན་འབུད་ཚད་ཏུན་58.54ཉུང་དུ་ཕྱིན་ནས་རྒྱ་མཚོའི་ཟོག་རོ་བཅོས་སྒྲིག་ལ་རྒྱུན་འཁོར་བཟང་པོ་ཆགས་ཡོད། ལག་ལེན་འདི་ལས“ལྗང་མདོག་རྒྱུན་འཁོར”གྱི་རྣམ་གྲངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“སའི་གོ་ལའི་སྲུང་དམག་བྱ་དགའ”ཐོབ་ནས་ཀྲུང་གོའི་གཞི་རིམ་གྱི་སྐྱེ་ཁམས་བཅོས་སྐྱོང་གི་ཉམས་མྱོང་འཛམ་གླིང་ལ་ཁྱབ་གདལ་གཏོང་བར་རམ་འདེགས་ཐུབ་ཡོད།

    ནམ་མཁའ་སྔོན་པོ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་གཙང་བཅས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་གཅེས་སྤྲས་བྱེད་པའི་ལྗང་མདོག་གི་རིན་ཐང་འདུ་ཤེས་དར་སྤེལ་བཏང་ནས་ནམ་མཁའ་སྔོན་པོ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་གཙང་བཅས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཏེ་མི་ཆོས་རིག་གནས་ཀྱི་བརྩེ་སེམས་ཟབ་མོ་ཆགས་པར་བྱེད་དགོས”ཞེས་གསུངས་ཡོད།

    རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་གི་དང་བླངས་པ་ཁག་ཐེངས་རེ་རེས་ཚན་རིག་ཁྱབ་གདལ་གྱི་འཐབ་ས་དང་པོར་བརྩོན་ཞིབ་དང་སྐྱེ་ཁམས་རིག་གནས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་ནམ་མཁའ་སྔོན་པོ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་གཙང་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་མི་དེ་བས་མང་བའི་སེམས་སུ་ཟུག་པར་བྱས་ཡོད།

    ཧུན་ཧྲན་ཏ་ཁེ་བྱེ་སའི་འདམ་ར་ནི་ཁྲུང་ཁྲུང་མཚོག་དམར་དང་ཁྲུང་ཁྲུང་གཉའ་དཀར་སོགས་རྩ་ཆེ་ཞིང་དཀོན་པའི་དུས་བྱ་སྐྱེ་འཕེལ་བྱེད་ས་གཙོ་བོ་ཞིག་རེད། མིག་སྔ་ནི་དཔྱིད་དུས་ཀྱི་དུས་བྱ་བྱང་དུ་སྐྱས་སྤོ་བའི་དུས་མཇུག་ཏུ་སླེབས་ཡོད་ལ། བྱ་རིགས་སྐྱེ་འཕེལ་བྱེད་མང་བའི་དུས་ཚིགས་ཤིག་ཀྱང་ཡིན་པས། ནང་སོག་ཞི་ལིན་ཀུའོ་ལེ་མོང་ཨ་ཨེ་དབྱི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོང་དང་བླངས་པའི་མཐུན་ཚོགས་ཀྱི་དྲུང་ཆེ་དང་ཞི་ལིན་ཀུའོ་ལེ་མོང་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྲ་ཆིར་བྲེལ་བརྩོན་ཧ་ཅང་ཆེ། ཁོང་གིས“ང་ཚོས་འབྲོག་པ་ཁྱིམ་དུད་རེ་རེ་བཞིན་ལ་རེའུ་མིག་སྤྲད་དེ་ཁོང་ཚོས་རང་ཁྱིམ་ཉེ་འགྲམ་གྱི་དུས་བྱའི་གྲངས་འབོར་དང་གནས་སར་ལྟ་ཞིབ་ཚད་ལེན་དང་ཐོ་འགོད་བྱེད་རོགས་ཞུ་ཡི་ཡོད”ཅེས་བཤད། ཁོང་གིས་གསར་འགོད་པར་རེའུ་མིག་དེ་ཟླ་ཕྱེད་ལ་ཐེངས་གཅིག་བསྡུས་ནས་ཕྱིས་སུ་རིགས་གཅིག་མཁས་ཅན་ལ་སྤྲད་དེ་ས་ཁོངས་ཀྱི་འདབ་ཆགས་ཁྱབ་ཚུལ་གྱི་གློག་རྡུལ་ས་བཀྲ་ཞིག་གྲུབ་རྒྱུ་རེད་ཅེས་བཤད།

    ཧྲ་ཆིར་ནི་དགུ་བཅུ་ནང་སྐྱེས་ཀྱི་གཞོན་ནུ་མ་ཞིག་ཡིན་པ་དང་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ཆེད་བསྐོས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་ཞིག་ཏུ་གྱུར། ཁོང་གིས“རྩྭ་ཐང་ནི་ང་རང་འཚར་ས་ཡིན་པས་ངས་སྐྱེ་ཁམས་རིག་གནས་དེ་གཟན་རྩྭའི་ས་བོན་བཞིན་བྱང་རྒྱུད་མཐའ་མཚམས་སུ་རྩ་བ་ཚུགས་པའི་རེ་བ་ཡོད”ཅེས་བཤད། ཁོང་གིས་གྲོང་ཚོ་རེ་རེར་བསྐྱོད་ནས་འབྲོག་པའི་ཕྱིང་གུར་ནང་བསྡད་དེ་སྐྱེ་ཁམས་རིག་གནས་དང་རྩྭ་ཐང་སྲུང་སྐྱོང་སྐོར་གྱི་སྲིད་ཇུས་དེ་དག་འབྲོག་པས་གོ་ཐུབ་པ་དང་ངེས་ཐུབ་པའི་ངག་སྒྲོས་ནས་ཤོད་པ་དང་། ཉེ་འགྲམ་གྱི་གསོན་ཉམས་དོད་པའི་དཔེ་མཚོན་དྲངས་ནས་རྩྭ་ར་ཞན་འགྱུར་དང་གད་སྙིགས་སྦགས་བཙོག་གི་གནོད་འཚེ་གླེང་གི་ཡོད།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པར་རི་ཆུ་སྔོ་ལྗང་ཅན་སྲུང་སྐྱོང་བྱེད་དགོས་ལ། ཤེས་དཔལ་གྱི་སྲོག་རྩ་དེ་བས་ཀྱང་སྐྱེད་སྲིང་བྱེད་དགོས།

    ཀྲུང་གོའི་ས་གཞི་ཆེན་པོར་ལྟ་སྐབས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམངས་ཡོངས་ཀྱི་བྱ་སྤྱོད་མ་ལག་རགས་ཙམ་བསྐྲུན་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་ཏེ་སྟབས་བསྡུས་འོས་འཚམ་དང་། ལྗང་མདོག་ཐཱན་ཉུང་། ཤེས་དཔལ་བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དེ་སྤྱི་ཚོགས་ཀྱི་དར་སྲོལ་གསར་པར་རིམ་བཞིན་གྱུར་བཞིན་ཡོད།

    ཆུ་ཐིགས་བསགས་ནས་རྒྱ་མཚོ་ཆགས། ཤིང་སྣ་འདུས་ནས་ནགས་ཚལ་གྲུབ། སྐྱེ་ཁམས་ཁོར་ཡུག་གི་དང་བླངས་པ་མིག་དཔེར་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ཚེ། སྔོ་ལྗང་རི་ཀླུང་གི་རྒྱུ་སྤུས་སྔར་བས་ལེགས་སུ་ཕྱིན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རང་མདངས་དེ་བས་བཀྲག་མདངས་འཚེར་བར་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།