དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་ནན་བཤད་གནང་དོན།

    ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-06

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་ལྗོངས་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་ཏང་གི་གལ་འགངས་ཧ་ཅང་ཆེ་བའི་ལས་དོན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས་པའི་ནན་བཤད་གནང་ནས། ང་ཚོར་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་བ་སོགས་ཀྱི་ཐད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། ལྷག་པར་དུ། 2025ལོར་དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་སོགས་ལ་དམིགས་ནས། ཤུགས་རྐྱེན་ལྡན་པའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་རབ་དང་རིམ་པ་ཤུགས་ཆེན་བྱས་པར་ཕན་འབྲས་བཟང་པོ་ཐོན་པ་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་གང་ལེགས་མངོན་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་དང་ལྷག་པར་དུ་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་དང་། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ་བསམ་བློའི་གནད་དོན་ཡང་ཐག་གཅོད་བྱེད་དགོས་པ་མཐའ་འཁྱོངས། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བཟང་བསྟོད་ངན་སྨད་བྱེད་པ་དང་སྲོལ་བཟང་དར་སྤེལ་གཏོང་བ་བཅས་བྱས་ཏེ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ཁག་སྤྱི་འདོམས་ཀྱིས་ཡག་པོ་བསྒྲུབས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཡག་པོ་ཞུ་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ་བཅས་ཀྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་ནས་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས། གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལག་བསྟར་ཤུགས་ཆེན་བྱེད་པ། “ས་མཐོའི་སེ་འབྲུ་དམར་པོའི”སྤུས་རྟགས་སྐད་གྲགས་ཆེ་རུ་གཏོང་བ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་མཐོང་རྒྱུ་ཡོད་པ་དང་ཚོར་རྒྱུ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་རྒྱུན་མཐུད་སྤེལ་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲིད་སྟོན་ནུས་པ་དང་སྣང་བརྙན་སྐྲུན་ནུས་ཆེ་རུ་གཏོང་བ། འདུ་ཤེས་དང་། བྱེད་སྟངས། གཞི་རྟེན། བྱ་ཐབས་བཅས་གསར་གཏོད་བྱེད་པ། བརྗོད་དོན་གཙོ་བོ་དྲིལ་བསྒྲགས་དང་། དུས་བབ་སྲིད་ཇུས་དྲིལ་བསྒྲགས། གྲུབ་འབྲས་དྲིལ་བསྒྲགས། དཔེ་མཚོན་དྲིལ་བསྒྲགས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་རྒྱུན་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ། རིག་པ་གཅིག་ལ་སྒྲིམ་པ་དང་། ནུས་ཤུགས་གཅིག་ལ་འདོན་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་། རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག་སློབ་སྦྱོང་དང་དྲིལ་བསྒྲགས། ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། རྒྱུན་རྣམ་ཅན་གྱི་སྒོ་ནས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ། བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དང་བསྟན་དོན་ལ་གོ་བདེ་ཤེས་སླ་དང་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་གསལ་འགྲེལ་བཅས་བྱས་ཏེ་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་ཏན་ཏིག་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་དུ་བྱེད་པ། སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་སྔོན་འགོག དབྱེ་ཞིབ་བརྡར་གཅོད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཉེན་ཁའི་མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་སེལ་བ། མ་ཐོན་སྔོན་འགོག་ཐུབ་པ་བཅས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་འདུ་ཤེས་འཛིན་སྟངས་ལས་དོན་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་ཨུད(ཏང་ཙུའུ)ཀྱི་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དང་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ། ཏང་གིས་སྨྱན་སྦྱོར་ལ་དོ་དམ། ཏང་གིས་དྲ་སྦྲེལ་ལ་དོ་དམ་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་ལས་ཀའི་རང་འགུལ་དབང་ཆ་སྟངས་འཛིན་ཧུར་ཐག་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།