སྐྱེ་ཁམས་བཟང་ཞིང་ཐོན་ལས་དར། ས་མཐོའི་ཡུལ་དུ་གསོན་ཤུགས་རྒྱས།
—— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་གི་མངའ་རིས་ས་ཁུལ་གྱི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།
ད་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་རེད། ལོ་75ཡི་གོང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཆིང་རྒྱས་བསྡམས་པའི་མངའ་རིས་ས་མཐོར་འཕེལ་རྒྱས་འགོར་བ་དང་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་དཀའ་ཚེགས་ཆེན་པོ་འཕྲད་ཡོད། ལོ་ངོ་75ཡི་དྲག་ཆར་རླུང་འཚུབ་ཀྱི་རྒྱང་སྐྱོད་ལམ་བུར་མངའ་རིས་ས་ཁུལ་གྱིས་དཀའ་སྤྱད་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་པས་དེ་སྔའི་བཀག་སྡོམ་རྗེས་ལུས་ཀྱི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ནས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། དམངས་འཚོ་སོགས་ཕྱོགས་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་རབས་གོང་མའི་ལོ་རབས་60པའི་སྒོར་དུང་ཕྱུར་0.082ནས་2025ལོའི་སྒོར་དུང་ཕྱུར་114.21བར་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་དེ་བཞིན་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་456དང་91ནས་2025ལོའི་སྒོར་ཁྲི་6.22དང་སྒོར་ཁྲི་2.17བར་འཕར་བ་སོགས་ཞིབ་ཅིང་ཕྲ་བའི་གྲངས་གཞི་ཁག་རེ་རེ་ལས་ས་མཐོའི་འཕོ་འགྱུར་ཆེན་པོ་དང་འབད་འབུངས་ཀྱི་སྟོབས་ཤུགས་མཚོན་ཡོད།
འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་བས་སྣ་མང་ལས་རྣམ་གྱི་གསོན་ཤུགས་འཕེལ་བ།
མངའ་རིས་ས་ཁུལ་གྱི་ས་བབ་མཐོ་ལ་མི་མེད་ལུང་སྟོང་ས་རྒྱ་ཆེ་བ་དང་ཁོར་ཡུག་ཧ་ཅང་ཞན་པས་རྐང་ཐང་མར་སྐྱེ་ཁམས་སྐོར་སྲུང་བྱེད་དགོས་ན་དུས་ཚོད་དང་ནུས་ཤུགས་གཉིས་ཀ་གྲོན་ཆེ་བ་མ་ཟད་ཁུག་གསང་སྟོང་གསུམ་ཡང་ལུས་ཉེན་ཆེ། ད་ཆ་རིག་ནུས་ཅན་གྱི་དམའ་དབྱིངས་སྒྲིག་ཆས་ས་མཐོའི་རི་ཁུག་ཏུ་འཕུར་ནས་རི་སྐྱེས་སྲོག་ཆགས་འགུལ་སྐྱོད་ཀྱི་རྗེས་ཤུལ་གནད་སྨིན་བཙལ་ཏེ་པར་རིས་གསལ་པོ་བསྐུར་ཐུབ་པ་མ་ཟད། རིག་ནུས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིར་བརྟེན་ནས་ཚད་ལྡན་ཅན་གྱི་སྐྱེ་ཁམས་རྩིས་ཁྲ་བཟོས་ཏེ་སྐྱེ་ཁམས་བདག་སྐྱོང་ལ“ཚན་རྩལ་གྱི་མིག”བསྒར་བ་དང་གཉིས་སུ་མེད།
“དམའ་དབྱིངས་ལག་རྩལ་གྱིས་མི་ཐབས་ལ་བརྟེན་ནས་སྐོར་སྲུང་བྱེད་པའི་སྐྱོན་ཆ་བསལ་ཏེ་ང་ཚོས་ས་མཐོའི་གཅེས་ནོར་ལ་སྲུང་སྐྱོང་དེ་བས་ནུས་ཆེ་དང་དེ་བས་གནད་སྨིན་ཐུབ་པར་བྱས་ཡོད”ཅེས་ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པ་དང་མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་མཱ་ཤིང་ཤིང་གིས་བཤད།
ས་མཐོའི་ཐུན་མོང་མ་ཡིན་པའི་ཡུལ་ཁམས་ལ་གཞི་ཚུགས་ནས་མངའ་རིས་ཀྱིས་དམའ་དབྱིངས་ཐོན་ལས་ཀྱི་གཏིང་ཤུགས་རྒྱུན་མཐུད་འཕེལ་བར་བྱས་ཏེ་དམའ་དབྱིངས་དང་སྐྱེ་ཁམས་ལྟ་འདོམས་ཟུང་འབྲེལ་དང་དམའ་དབྱིངས་དང་འཕྲལ་སྡོམ་རོགས་སྐྱོབ་ཟུང་འབྲེལ་སོགས་ལས་རྣམ་གསར་པ་སྣ་མང་སྐྱེད་སྲིང་བྱས་པས་ཁྱད་ལྡན་དམའ་དབྱིངས་ཐོན་ལས་ཀྱི་ཚོ་འདུས་མགྱོགས་མྱུར་ཆགས་ཡོད།
——དེང་རབས་ཞིང་ལས་ཀྱི་རྨང་གཞི་བརྟན་པ། ཁྱད་ལྡན་ཞིང་འབྲོག་ལས་གཏིང་ཟབ་ཏུ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས་2025ལོའི་ལོ་མཇུག་བར་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་བཞིའི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་16.03ཟིན་པ་དེ་དུས་མཚུངས་ལས་10.4%འཕར་ཡོད།
——རིག་གནས་དང་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་གོང་འཕེལ་སོང་བ། ས་མཐོའི་མཛེས་ལྗོངས་དང་ཞང་ཞུང་རིག་རྒྱུན་ལ་བརྟེན་ནས། དཔལ་མགོན་མཚོ་དང་གུ་གེའི་རིག་གནས་གནའ་ཤུལ་སྤྱི་གླིང་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་ལ་འཛུགས་གཏོད་བདེ་བླག་བྱས་པ་དང་། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པ་བདེ་བླག་ངང་གཉེར་བ་བརྒྱུད་རིག་གནས་ཀྱི་གསོན་ཤུགས་རྒྱས་པ་དང་། ཡུལ་སྐོར་འཁྲུག་ཏུ་སོང་བ། ཐོན་ལས་དར་རྒྱས་བྱུང་ཡོད།
——རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། G4218དགུན་ས་གནམ་ཐང་ནས་སེང་གེ་ཁ་འབབ་བར་གྱི་གཞུང་ལམ་དང་། ཁུ་ནུ་ལམ་ཆེན། དེ་བཞིན་གྲོང་ཁུལ་གྱི་ཟམ་པ་སོགས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་མྱུར་པོ་བཏང་བས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི“གཞུང་གསུམ་འཕྲེད་གསུམ”ལམ་དྲའི་སྒྲོམ་གཞི་གཙོ་བོ་སྤྱིར་ན་བསྐྲུན་ཟིན་ནས་ཕྱོགས་བསྡུས་འགྲིམ་འགྲུལ་དང་ནུས་རྒྱུའི་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་སོང་ཡོད།
ལྗང་མདོག་ཕྱོགས་སྒྱུར་བྱས་པས་སྐྱེ་ཁམས་སྲུང་བཅད་སྔར་བས་བརྟན་དུ་ཕྱིན་པ།
ས་མཐོ་འཕེལ་རྒྱས་གཏོང་བར་སྐྱེ་ཁམས་ནི་རྨང་གཞི་རེད། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས“སྙིགས་མེད་གྲོང་ཁྱེར”བསྐྲུན་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ནས་བཟོ་ལས་ཁེ་ལས་ལྗང་མདོག་ཅན་དང་། ཐཱན་ཉུང་ཅན། ལེགས་བསྡུས་ཞིབ་གཉེར་ཅན་བཅས་ལ་ཕྱོགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ཡོད།
སྒེར་རྩེ་རྫོང་མ་མིག་ཤང་ཞིང་ཆེན་གྲོང་ཚོར་ཡོད་པའི་བོད་ལྗོངས་མངའ་རིས་ལ་འགོ་ཐོན་ཁུངས་ཚད་ཡོད་འགན་འཁྲི་ཀུང་སིས་ལ་འགོ་ཚྭ་མཚོའི་སྤུས་ལེགས་ཀྱི་འཐབ་ཇུས་ཐོན་ཁུངས་ལ་བརྟེན་ནས་ལྗང་མདོག་ཐོན་སྐྱེད་དང་། ཐཱན་ཉུང་གཉེར་སྐྱོང་། སྐྱེ་ཁམས་སླར་གསོ་བཅས་ཚྭ་མཚོ་གསར་སྤེལ་གྱི་འཁོར་འབྲེལ་ཧྲིལ་པོའི་ནང་བཅུག་པས་མངའ་རིས་ཀྱི་བཟོ་ལས་ལྗང་མདོག་ཕྱོགས་སྒྱུར་གྱི་དཔེ་མཚོན་གསར་པར་གྱུར་ཡོད།
“ང་ཚོས་སྔོན་ཐོན་གཞི་གཅིག་ཅན་གྱི་ལིས་འདོན་བཟོ་རྩལ་གསར་གཏོད་དང་བེད་སྤྱོད་བྱས་པ་དང་། ཐོན་སྐྱེད་ཀྱི་ས་བཟུང་རྒྱ་ཁྱོན་དེ་སྲོལ་རྒྱུན་རྣམ་པའི་1/16ཙམ་ལས་ཟིན་གྱི་མེད་པས་འཛུགས་སྐྲུན་ས་ཆ་མུའུ་7500གྲོན་ཆུང་ཐུབ་ཡོད། དེ་དང་ཆབས་ཅིག་ཉིན་ལྟར་ཆ་སྙོམས་བཙོག་ཆུ་གཙང་གསིང་སྨི་རྒྱ་དཔངས་གྲུ་བཞི་360ཟིན་པའི་སྒྲིག་བཀོད་ལེ་ལག་ཚང་བའི་ངང་བསྐྲུན་ནས་ཚད་ལོན་བཙོག་ཆུ་ཆ་ཚང་བཟོ་གྲྭའི་བདག་སྐྱོང་ཐད་སྤྱད་དེ་ཆུའི་ཐོན་ཁུངས་གདུབ་ཟུམ་བེད་སྤྱོད་ཐུབ་པར་བྱས་ཡོད”ཅེས་བོད་ལྗོངས་མངའ་རིས་ལ་འགོ་ཐོན་ཁུངས་ཚད་ཡོད་འགན་འཁྲི་ཀུང་སིའི་བདེ་འཇགས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཁྱབ་ལྟ་ཞིབ་པ་ཀྲང་ཀྲན་དབྱི་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། མིག་སྔའི་བར་ཁེ་ལས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་1200བཏང་ནས་སྐྱེ་ཁམས་སླར་གསོའི་ལས་དོན་སྤེལ་ཏེ་སྔོ་འགྱུར་བཅོས་སྐྱོང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་17ལྷག་ཙམ་ལེགས་སྒྲུབ་བྱས་ཡོད་ཅེས་བཤད།
ཁེ་ལས་དེའི་ལྗང་མདོག་གི་འགྱུར་ལྡོག་ནི་མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་པའི་མཚོན་ཚུལ་ངོ་མ་རེད། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྲ་གཟུགས་སྙིགས་རོ་ཉུང་གཏོང་དང་། ཐོན་ཁུངས་འཁོར་རྒྱུག སྐྱེ་ཁམས་སླར་གསོ་བཅས་ལ་སྐུལ་འདེད་བཏང་ནས་བཟོ་ལས་ཁེ་ལས་དེ་ཉིད་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སུ་བསྒྱུར་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གཅིག་རམ་གཅིག་འདེགས་དང་ཕན་ཚུན་སྤེལ་ཟླར་འགྱུར་བར་བྱས་ཡོད།
དམངས་རྩ་ལེགས་སུ་བཏང་བས་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་ཕྱིན་པ།
2025ལོའི་ཟླ་12པར། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་བདེ་བླག་ངང་བསྐྲུན་པ་དེ་ཐོག་ནས་ས་ཆ་དེ་གའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
“དེ་སྔོན་རྙོག་འཛིང་ཆེ་བའི་ནད་གཞི་འཕྲད་སྐབས་ས་ཆ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་བ་ལས་ཐབས་གཞན་མེད། ད་ཆ་ཁྱིམ་གྱི་སྒོ་རྩའི་སྨན་ཁང་དུ་ནད་གཞི་ཚབས་ཆེན་བཅོས་ཐུབ་པས་སྟབས་བདེ་ལ་བློ་བདེ་པོ་འདུག”ཅེས་པའི་བཀྲ་ཤིས་ནོར་བུའི་མྱོང་ཚོར་དེ་ལས་མངའ་རིས་ཀྱི་སྨན་བཅོས་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན། སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཀྲང་ཞའོ་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་ཁང་གིས་བོད་སྐྱོར་རོགས་སྐྱོར་ལ་བརྟེན་ནས་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་ཁག་1300ལྷག་ཙམ་ས་མཐོའི་ཡུལ་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས་ནད་གཞི་ཆེ་འབྲིང་980ཙམ“མངའ་རིས་རང་ཡུལ་ནས་བཅོས་ཐུབ”སྟེ་སྨན་ཁང་གཞན་ལ་འགྲོ་ཚད་10%ཡན་ཆག་ཡོད།
དམངས་འཚོར་དོན་དག་ཆུང་ཙག་མེད། མངའ་རིས་ས་ཁུལ་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་དམངས་འཚོའི་ཐད་མ་དངུལ་རྒྱུན་མཐུད་མང་དུ་བཏང་བ་དང་། སྤྱི་པའི་ཞབས་ཞུའི་ཞན་ཆ་བསལ་ཏེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་བཏང་ཡོད།
སློབ་གསོ་དང་དམངས་འཚོའི་བྱ་གཞག་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་སྒྲིག་བཀོད་རྒྱུན་མཐུད་རིམ་སྤོར་བྱུང་བ། དགེ་རྒན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རྨང་གཞིའི་སློབ་གསོ་དོ་སྙོམས་འཕེལ་རྒྱས་འགྲོ་བའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་སོང་ཡོད། 2025ལོའི་ལོ་མཇུག་བར་ས་ཁུལ་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན་139ཡོད་པ་དང་། སློབ་གྲྭར་འགྲིམ་མུས་ཀྱི་སློབ་མ་27275ཡོད་པ། སློབ་ཆུང་དུ་ན་འཚམ་སློབ་ཞུགས་བྱེད་ཚད་100%ཟིན་ཞིང་། དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་དུ་ན་འདྲེས་སློབ་ཞུགས་བྱེད་ཚད་104.93%དང་93%སོ་སོར་ཟིན་ཡོད།
ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་བ་ནི་དམངས་འཚོ་ལེགས་གཏོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། མངའ་རིས་ས་ཁུལ་གྱིས་ལས་ཞུགས་སྔོན་དུ་འཇོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེ་རུ་ཧུར་ཐག་བཏང་ཡོད། 2025ལོར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་མི་གྲངས་2137གསར་དུ་འཕར་བ་དང་། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱས་པའི་མི་གྲངས་ཁྲི་1ལས་བརྒལ་བ། ལོ་དེ་རང་གི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་96.89%ཟིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་བདེ་འཇགས་སྡོད་ཁང་དང་། བདེ་འཇགས་འཐུང་ཆུ། གློག་འདོན་བརྟན་པོ། འཕྲིན་གཏོང་དྲ་རྒྱ་བཅས་རྒྱུན་མཐུད་ངང་སྤུས་འདེགས་རིམ་སྤོར་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་ཡོད། རིམ་རྩིས་བརྒྱབ་ན་གནས་འཕྲོད་ལས་འཚམ་གྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་43བསྐྲུན་པ་དང་ས་ཁུལ་ཡོངས་སུ་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་206ཟིན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་གོང་འཕེལ་དང་སྟོབས་ཆེར་སོང་ཡོད།
འབྲེལ་ཡོད་གསར་འགྱུར།