ས་བབ་སྨི་3650ཡོད་པའི་སྲོག་སྐྱོབ་ས་ཚིགས།
—— པེ་ཅིང་ཤེ་ཧོ་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྐོར་བཀོད་པ།
ལྷ་སར་ས་བབ་སྨི་3650ཡོད་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནི་སྨན་བཅོས་བོད་སྐྱོར་གྱི་སྐར་ཁུང་ཞིག་རེད། ས་གནས་དེ་གའི་མི་སེར་ཚོས་དེ་གར་སྲོག་སྐྱོབ་ས་ཚིགས་ཞེས་འབོད་ཀྱིན་ཡོད།
2015ལོར། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལག་ལེན་བསྟར་ཚུན། པེ་ཅིང་ཤེ་ཧོ་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་དེ་གར་རྒྱུན་མཐུད་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
“ནད་པ་དྲག་སྐྱེད་བྱུང་བ་མཐོང་སྐབས་ལ་དུག་ཆུང་དུ་ཕྱིན་པའི་སྣང་བ་བྱུང”
“བོད་སྐྱོར་རུ་མི་ཚོས་ས་མཐོར་གསོ་རླུང་མི་འདང་བ་དང་ཆམ་པ་ཕོག་སླ་བ་སོགས་ལས་རྣམ་པར་རྒྱལ་བ་དང་ཆབས་ཅིག ལས་ཀ་གསར་པའི་ནང་གང་མགྱོགས་ཞུགས་ཡོད”ཅེས་པ་དེ་ནི་པེ་ཅིང་ཤེ་ཧོ་སྨན་ཁང་ཏང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་ཆིའུ་ལིང་གིས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རུ་མི་ཁག་དང་པོ་བོད་དུ་འབྱོར་ནས་གཟའ་འཁོར་གཉིས་སོང་རྗེས་ཀྱི་ཉིན་ཐོའི་ནང་བཀོད་པ་ཞིག་རེད།
ཚད་གཞི་མཐོ་བའི་གཞི་རྒྱུ་མང་དུ་གཏོང་བའི་ཞིབ་དཔྱད་ཚོད་ལྟ་ཁང་འཛུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ནད་ཐོག་སྨན་བཅོས་ཞིབ་དཔྱད་ལྟེ་གནས་འཛུགས་པར་སྐུལ་འདེད་གཏོང་རྒྱུ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཞིབ་དཔྱད་ཚན་ཁག་དེ་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་ནད་ཐོག་སྨན་བཅོས་ཚོད་ལྟ་ཁང་ཞིག་ཏུ་བསྐྲུན་པ་སོགས་ཀྱི་ལས་ཀ་ཧ་ཅང་མང་པོ་ཡོད་པས་ལ་དུག་གིས་ཆིའུ་ལིང་གི་ལས་ཀའི་སྤྲོ་སེམས་ཉམས་ག་ལ་སྲིད། བོད་སྐྱོར་དུས་ཚོད་ཐིམ་རྗེས་ཁོང་སླར་ཡང་བོད་དུ་ཐེངས་མང་ཡོང་ནས་བོད་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཞིབ་དཔྱད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
གསོ་རླུང་དཀོན་པའི་ཁོར་ཡུག་འོག་སྨན་བཅོས་ལས་དོན་སྤེལ་བ་ནི་འགྲན་སློང་ཧ་ཅང་ཆེན་པོ་ཞིག་རེད། ས་མཐོའི་ས་ཁུལ་དུ་སྙིང་ཁམས་ཁྲག་རྩའི་ནད་ཐོན་མང་བས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མྱུར་སྐྱོབ་བྱེད་པ་ནི་བོད་སྐྱོར་སྨན་པ་ཚོའི་རྒྱུན་གཏན་ཞིག་ཏུ་གྱུར་ཡོད།
ལོ་བདུན་ཅུར་སླེབས་པའི་བགྲེས་སོང་ཞིག་འཕར་རྩའི་སྐྲན་ཐོར་ནས་དོས་དྲག་ཁང་ལ་བསྐྱལ། མི་ཐབས་ཀྱི་ཁྲག་རྩ་དང་སྒྲོམ་སྐྱོར་མེད་པའི་དབང་གིས་ནང་མི་ཚོས་སྨན་བཅོས་བློས་གཏོང་བྱེད་གྲབས་བྱས།
པེ་ཅིང་ཤེ་ཧོ་སྨན་ཁང་ཁྲག་རྩའི་ཕྱི་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་དང་ཁག་བརྒྱད་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་ཡེ་ཝུའེ་ཡིས་སྒྲོམ་སྐྱོར་ཁྲེང་ཏུའུ་ནས་མཁའ་ཐོག་ཏུ་འཕྲལ་མར་དབོར་རྒྱུའི་འབྲེལ་བ་བྱེད་ཞོར་མཚན་གང་ནད་པའི་ཉལ་ཁྲིའི་འགྲམ་དུ་སྲུང་ནས་བསྡད།
མཐར་སྒྲོམ་སྐྱོར་དུས་ཐོག་ཏུ་བསྐྱལ་བས་ནད་པ་བསྐྱབས་ཐུབ་པ་བྱུང་ཡོད།
“ནད་པ་དྲག་སྐྱེད་བྱུང་བ་མཐོང་སྐབས་ལ་དུག་ཆུང་དུ་ཕྱིན་པའི་སྣང་བ་བྱུང”ཞེས་ཡེ་ཝུའེ་ཡིས་བཤད།
“བོད་རིགས་ས་ཁུལ་གྱི་མི་སེར་ཚོས་ཚེ་སྲོག་ང་ཚོར་རྩིས་སྤྲད་པས་ཡིད་ཆེས་དེ་ཆུད་ཟོས་སུ་གཏོང་མི་རུང”
2025ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། དེ་ཉིན་ཉིན་གུང་པེ་ཅིང་ཤེ་ཧོ་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་ཝུའུ་ཏུང་གིས་རང་འགུལ་ངང་རེ་འདུན་ཞུས་ནས་འཕྲལ་སྡོམ་རོགས་སྐྱོབ་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་གེགས་ཁུལ་དུ་བསྐྱོད་པས་གེགས་ཁུལ་དུ་སླེབས་པའི་ཆེད་ལས་སྨན་བཅོས་རུ་ཁག་ཁག་དང་པོ་དེར་གྱུར།
ཞིག་རོའི་ཁྲོད་ནས་བསྐྱབས་པའི་ལོ་5ལ་སླེབས་པའི་བོད་རིགས་བུ་མོ་ཆུང་ཆུང་མིག་སྒྲོན་གསོ་རླུང་མི་འདང་བའི་རྐྱེན་གྱིས་ཀླད་པར་ཆུ་བསགས་ནས་ཤི་ཉེན་དུ་གྱུར།
ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ཚན་ཁག་མང་པོ་ལྷན་འཛོམས་ནད་དཔྱད་ཀྱིས་འཕྲལ་མར་གཤག་བཅོས་བྱས་ནས་ནད་གཞི་སྡུག་ཏུ་མི་འགྲོ་བ་བྱས་པ་མ་ཟད། ཐད་འཕུར་གནམ་གྲུ་འབྲེལ་བ་བྱས་ཏེ་བུ་མོ་དེ་ཁྲེང་ཏུར་རྗེས་མཐུད་སྨན་བཅོས་བྱེད་པར་བསྐྱལ་བས་མཐར་བུ་མོ་ཆུང་ཆུང་དེའི་སྲོག་བསྐྱབས་ཐུབ་པ་བྱུང་ཡོད།
ཛ་དྲག་ཉེན་ཆེའི་ནད་གཞི་ལྕི་པོར་ཁ་གཏད་གཅོག་སྐབས་ཡིན་ནའང་འདྲ་ཡང་ན་འཕྲལ་མར་ལྡོག་སྐྱོད་རོགས་སྐྱོབ་གང་ཞིག་བྱེད་རུང་བོད་སྐྱོར་སྨན་བཅོས་རུ་ཁག་ཐོག་མཐའ་བར་གསུམ་དུ་མདུན་ཤོས་སུ་སྐྱོད་པ་དང་ཉེན་ཁ་ཆེ་ཤོས་ཀྱི་སར་ནད་པའི་ཚེ་སྲོག་སྲུང་གི་ཡོད།
པེ་ཅིང་ཤེ་ཧོ་སྨན་ཁང་འཇུ་བྱེད་ཁོག་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་དང་ཁག་བཅུ་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་ཝང་ཆང་གིས་ས་གནས་དེ་གར་སྔོན་ཐོན་གྱི་ནང་ཤེལ་ལག་རྩལ་མི་འདང་བ་ཤེས་རྟོགས་བྱུང་རྗེས་ཚོགས་པའི་སྣེ་ཁྲིད་དེ་ཚད་བརྒལ་སྒྲ་རླབས་ཀྱི་ནང་ཤེལ་གྱི་ཁྲིད་སྟོན་འོག་ཁབ་ཕྲའི་གཙགས་རྟོལ་གྱི་གསོན་བཤེར་བརྟག་དཔྱད་སོགས་ལག་རྩལ་གསར་པ་བཞི་ཧུར་ཐག་སྤྱད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ལོ་མང་རིང་གི་ལག་རྩལ་གྱི་སྟོང་ཆ་བསྐངས་ཐུབ་པ་བྱུང་ཡོད།
“བོད་རིགས་ས་ཁུལ་གྱི་མི་སེར་ཚོས་ཚེ་སྲོག་ང་ཚོར་རྩིས་སྤྲད་པས་ཡིད་ཆེས་དེ་ཆུད་ཟོས་སུ་གཏོང་མི་རུང”ཞེས་ཝང་ཆང་གིས་བཤད།
“བོད་སྐྱོར་ནི་གནས་སྐབས་ཙམ་མིན་པར་ཡུན་རིང་གི་ལས་དོན་ཞིག་རེད”
ལོ་བཅུ་ལྷག་ཙམ་རིང་། པེ་ཅིང་ཤེ་ཧོ་སྨན་ཁང་གིས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་300ལྷག་ཙམ་འཁྱེར་ཡོང་བ་དང་།“ནད་ཆེན་བོད་དུ་བཅོས་ཐུབ་པའི”རེ་བ་མངོན་འགྱུར་ཡོང་བར་བྱས་ཡོད།
ལག་རྩལ་དོན་འཁྱོལ་བྱེད་པ་ནི་གོམ་པ་དང་པོ་དེ་ཡིན་ཞིང་། བོད་སྐྱོར་རིགས་གཅིག་མཁས་ཅན་ཁ་བྲལ་རྗེས་སྨན་བཅོས་ཆུ་ཚད་རྒྱུན་མཐུད་ཐུབ་བམ།
“བོད་སྐྱོར་ནི་གནས་སྐབས་ཙམ་མིན་པར་ཡུན་རིང་གི་ལས་དོན་ཞིག་རེད” པེ་ཅིང་ཤེ་ཧོ་སྨན་ཁང་མཆིན་པའི་ཕྱི་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་དང་ཁག་དགུ་པ་དང་བཅུ་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་ཞུས་ཧའེ་ཧྥུང་གིས་ལག་རྩལ་བསླབ་ཐུབ་ཚེ་གཞི་ནས་བོད་ལ་རོགས་སྐྱོར་ཐུབ་པ་གསལ་པོ་ཤེས་ཀྱི་ཡོད།
ལོ་བཅུ་ལྷག་ཙམ་རིང་། པེ་ཅིང་ཤེ་ཧོ་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གསོ་སྦྱོང་ཐེངས་2000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་བོད་རིགས་ས་ཁུལ་གྱི་རྐང་འཛིན་པ་བརྒྱ་ལྷག་ཙམ་པེ་ཅིང་དུ་ཟབ་སྦྱོང་ལ་མངགས་ཡོད། “གཞན་བརྟེན”ནས“རང་བརྟེན”བར་དང་ནད་ཐོག་སྨན་བཅོས་ནས་སློབ་ཁྲིད་ཚན་ཞིབ་བར། ཤེ་ཧོ་སྨན་ཁང་གི་སྨན་པ་མི་རབས་ནས་མི་རབས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ཏེ་བོད་དུ་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་བཞག་ཡོད།
“གོམ་སྟབས་རྗེས་མར་སྨན་བཅོས་ལག་རྩལ་བོད་སྐྱོར་དེ་རིམ་བཞིན་སྨན་བཅོས་དང་། སློབ་ཁྲིད། ཞིབ་འཇུག དོ་དམ་བཅས་ཕྱོགས་མང་པོའི་རོགས་སྐྱོར་ལ་འགྱུར་བར་བྱ་རྒྱུ་རེད” ཝུའུ་ཏུང་གི་སྐུལ་འདེད་འོག “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་56བོད་ལྗོངས་སློབ་ཆེན་གྱི་འཆད་སྟེགས་སུ་བསྐྱོད་དེ“གསོ་རིག་དང་སློབ་གསོ་མཐུན་སྦྱོར”གྱི་འདུ་ཤེས་ས་མཐོའི་ས་གཞི་ཆེན་པོར་དོན་འཁྱོལ་འབྲས་སྨིན་ཡོང་བར་བྱས་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་30ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།