《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་སེམས》སོགས་དངོས་མཚོན་པར་གཞི་ལོ་སིར་སྟོན་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་1ཉིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་བཟོ་བྱས་པའི《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་སེམས》དང《སྣེ་ཁྲིད(རྒྱལ་སྤྱིའི་པར་གཞི)》 《གནའ་གཞུང་ནང་གི་བསམ་བློ་གསར་པ》སོགས་ཀྲུང་གོའི་དངོས་མཚོན་པར་གཞི་ཁག་གསུམ་ལོ་སིའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སོགས་ལོ་སིའི་གཙོ་རྒྱུན་སྨྱན་སྦྱོར་ཐོག་བསྟན་ཞིང་། ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ལེ་ཚན་དེ་བསྟན་པར་རྟེན་འབྲེལ་ཞུས་པ་རེད།
ཐུང་ལུན་གྱིས་རྟེན་འབྲེལ་འཕྲིན་ཡིག་ནང་གསུངས་དོན། 《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་སེམས》སོགས་དངོས་མཚོན་པར་གཞིའི་ནང་ཀྲུང་གོའི་མཚན་ཉིད་རིག་པའི་བསམ་གཞིག་དང་བློ་གྲོས་འདུས་ཡོད་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། རྒྱལ་སྐྱོང་སྲིད་འཛིན་ཁྲོད་ཀྱི་གཟིགས་རྒྱང་རིང་བའི་ལྟ་བ་ཟབ་མོ་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་མོ། དེ་བཞིན་ཁོང་གིས་ཀྲུང་ཧྭ་ཡི་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་དཔལ་ལོ་རྒྱུས་ལ་སེམས་གཏིང་ནས་དགའ་ཞེན་ཚད་མེད་གནང་ལུགས་བཅས་མཚོན་ཡོད། དེ་དང་ཆབས་ཅིག་དངོས་མཚོན་པར་གཞིའི་ནང་ཀྲུང་ཧྭའི་ཤེས་དཔལ་དེ་ཉིད་མི་རིགས་ཀྱི་རྩ་བ་དང་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན་པའི་ངོས་ནས་ཀྲུང་གོས་མི་རིགས་བསྐྱར་དར་གྱི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་པ་མངོན་ཡོད། དེ་ནི་ལོ་སིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་དུས་མཚུངས། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་བ། ལོ་སིའི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དཔྱད་གཞི་འཛིན་ས་ཡག་པོ་ཞིག་རེད།
ད་ལོ་ནི་ཀྲུང་གོ་དང་ལོ་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བའི་ལོ་ཡིན་ལ། ཀྲུང་གོ་དང་ལོ་སི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཐུན་མོང་ཐོག་འགོ་བཙུགས་པའི“ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་ལོ”ཡང་རེད། ཟླ་6ཚེས་2ཉིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་དྲིལ་བསྒྲགས་པུས་ལོ་སིའི་རྒྱལ་ས་ཝན་ཐེན་དུ་པར་གཞི་སྟོན་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་བཟོ་བྱས་པའི་《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་སེམས》དང《སྣེ་ཁྲིད(རྒྱལ་སྤྱིའི་པར་གཞི)》《གནའ་གཞུང་ནང་གི་བསམ་བློ་གསར་པ》སོགས་དངོས་མཚོན་པར་གཞི་ཁག་གསུམ་ལོ་སིའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་དང་། ལོ་སིའི་རྒྱལ་ཁབ་འཕྲིན་གཏོང་ཁང་། ལོ་སིའི་རྒྱལ་ཁབ་རླུང་འཕྲིན་ལས་ཁུངས། ཝན་ཐེན་བརྙན་འཕྲིན་ལས་ཁུངས་སོགས་གཙོ་རྒྱུན་སྨྱན་སྦྱོར་ཐོག་གཅིག་རྗེས་གཉིས་མཐུད་ངང་བསྟན་པ་རེད།
འབྲེལ་ཡོད་གསར་འགྱུར།