དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཉམ་འདྲེས་ལ་བརྟེན་ནས་སྟོབས་ཤུགས་གཅིག་འདུས་དང་ཐོན་ལས་མཉམ་གནས་བྱས་ཏེ།

    ཁྲུང་ཆིང་གིས་མཉམ་འདྲེས་ཅན་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-05

    ཟླ་6པའི་ཟླ་འགོར་ཁྲུང་ཆིང་སའེ་ལི་སི་རིམ་འདས་བཟོ་གྲྭར་ནུས་རྒྱུ་གསར་པའི་རླངས་འཁོར་གོ་རིམ་ལྡན་ལ་ཚ་ཚ་འུར་འུར་ངང་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད།

    རླངས་འཁོར་གྱི“ཐོན་ལས་ཨ་མ”ལ་བརྟེན་ནས་སའེ་ལི་སི་ཚོགས་པས་མཐུན་སྦྱོར་ཞིབ་སྤེལ་དང་། རིག་ནུས་ཐོན་སྐྱེད། ཟོག་འགྲུལ་སྡེབ་སྐྱེལ། བཙོངས་རྗེས་ཀྱི་འཁོར་སྐྱོད་སྲུང་སྐྱོང་བཅས་གཞི་གཅིག་ཅན་གྱི་མ་ལག་བསྐྲུན་ནས་མཉམ་ལས་རོགས་ཟླ་300ལྷག་ཙམ་སྦྲེལ་མཐུད་བྱས་པས། ལས་ཕྱོད་10%ལྷག་ཙམ་ཆེ་རུ་ཕྱིན་པ་མ་ཟད། ད་དུང་མཁོ་སྤྲོད་འཁོར་འབྲེལ་ཁེ་ལས་14གྲངས་རིག་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་ཁྲིད་ཐུབ་ནས་བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་དང་ཞབས་ཞུའི་རིན་ཐང་ཆེ་རུ་ཕྱིན་ཡོད།

    2024ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས“ཁྲུང་ཆིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་ཅུང་ཡག་པོ་འདུག་ལ། ཚན་སློབ་ཀྱི་ཤེས་ལྡན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་འདུག་པས། སྔོན་ཐོན་བཟོ་སྐྲུན་ལས་རིགས་གཙོ་རྐང་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པར་ཤུགས་སྣོན་རྒྱག་དགོས”ཞེས་བཏོན་གནང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དངོས་ཚན་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་དང་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས”ཞེས་བཏོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁྲུང་ཆིང་གིས་ཐོན་ལས་ཀྱི་བཀག་རྒྱ་གཏོར་བ་དང་གཞི་རྒྱུ་གཙོ་བོའི་འཁོར་འབྲེལ་སྦྲེལ་མཐུད་བྱེད་པ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་དང་གྲངས་རིག་ལག་རྩལ་དང་དངོས་ཚན་དཔལ་འབྱོར་ཕྱོགས་ཡོངས་ནས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་འཁོར་འབྲེལ་གྱི་སྔ་ཕྱི་དང་ཁུལ་ཁོངས་བརྒལ་བའི་མཐུན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཉམ་འདྲེས་ཅན་ལ་བརྟེན་ནས་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ད་ལོའི་ཟླ་3པའི་ཟླ་མཇུག་བར། ཁྲུང་ཆིང་གིས་ལས་རིགས་12ཀྱི“ཐོན་ལས་ཨ་མ”དང་ཞིབ་དབྱེའི་ལས་རིགས་11གི“ཐོན་ལས་ཨ་མ”དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ཡོད།

    “བཟོ་སྐྲུན་དང་ཞབས་ཞུ་ཟུང་དུ་འབྲེལ”ནས་ལས་རིགས་ལས་བརྒལ་བའི་མཉམ་འདྲེས་བར་མཐོངས་རྒྱ་ཆེར་བཏང་བ།

    ཁྲུང་ཆིང་མའེ་ཏེ་ཀུན་སྤྱོད་གྲང་བཟོའི་སྒྲིག་ཆས་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་མཁའ་རླུང་སྙོམས་སྒྲིག་འཕྲུལ་ཚན་ཆེ་གྲས་འབོར་ཆེན་ཐོན་སྐྱེད་བྱེད་བཞིན་ཡོད། “ཁེ་ལས་ཀྱི་ཡོང་འབབ་ནི་སྒྲིག་ཆས་བཙོངས་པ་ཙམ་མིན། དེ་སྔ་སྣ་གཅིག་ཁོ་ན་མ་གཏོགས་ཉོ་ཚོང་བྱེད་ཀྱི་མེད། ད་ཆ་ཞབས་ཞུ་དང་ཐག་གཅོད་ཇུས་གཞིའང་འཚོང་གི་ཡོད་པས་ཞབས་ཞུའི་ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད”ཅེས་ཀུང་སིའི་སྤྱི་པའི་ལས་དོན་གྱི་ཅིང་ལི་ཐེང་ཡུས་ཀྱིས་བཤད།

    རླངས་འཁོར་དང་། གློག་རྡུལ་ཆ་འཕྲིན། སྒྲིག་ཆས་བཟོ་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཁྲུང་ཆིང་གིས་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཕན་ཚུན་མཉམ་སྐུལ་མཉམ་གནས་དང་ཕྱོགས་གཉིས་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་བཏང་ནས“བཟོ་སྐྲུན་དང་ཞབས་ཞུ་ཟུང་དུ་འབྲེལ་བའི”ཚད་ཤིང་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་ཡོད། 2025ལོར་ཁྲུང་ཆིང་གི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱིས་བཟོ་ལས་འཕར་བར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་གསུམ་ཙམ་ཟིན་ཡོད།

    “གྲངས་རིག་དང་དངོས་ཚན་ཟུང་དུ་འབྲེལ”ནས་མཉམ་འདྲེས་ཟབ་ཏུ་བཏང་སྟེ་ནུས་རིམ་མཐོ་རུ་བཏང་བ།

    ལས་དོན་པས་མཛུབ་མོ་བརྙན་ཤེལ་སྟེང་བསྣན་ཙམ་བྱས་རྗེས་ཐང་རྒོད་དང་། མཚོ་གཏིང་། གྲོང་ཁྱེར་གྱི་ཁྲོམ་གཞུང་བཅས་ཀྱི་མཛེས་ལྗོངས་སྨི་ངོས་གྲུ་800ཙམ་གྱི་གཞུ་དབྱིབས་འདྲ་བཟོའི་པར་ལེན་བརྙན་ཤེལ་ཐོག་སྐབས་ཐོག་བརྗེ་རེས་ཐུབ་པ་མ་ཟད། རླངས་འཁོར་ཞིག་སྐད་ཅིག་ཉིད་དུ་རི་བོ་དང་རྒྱ་མཚོའི་དབར་དུ“ཕར་འགྲོ་ཚུར་འོང”བྱེད་ཀྱི་ཡོད། དེ་གར་ནི་ཡུང་ཁྲོན་ཚན་རྩལ་པར་ལེན་ར་བ་ཡིན། “མི་ཐབས་རིག་ནུས་དང་རྟོག་བཟོའི་པར་ལེན་ལག་རྩལ་གྱིས་ཡུལ་རྣམ་ཆེ་གྲས་ཀྱི་པར་ལེན་མ་གནས་དམའ་རུ་ནུས་ལྡན་བཏང་བས། མིག་སྔར་ཚན་རྩལ་གློག་བརྙན་ཁང་གིས་གློག་བརྙན་དང་བརྙན་འཕྲིན་སྒྲིག་ཆས་བོགས་གཏོང་དང་རྗེས་ཀྱི་སྒྲིག་བཟོ་སོགས་ཀྱི་ཁེ་ལས་170ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད”ཅེས་ཏ་ཝ་ཚན་རྩལ་ཚོགས་པའི་ཙུང་ཚའེ་གཞོན་པ་ཁྲེན་ལེང་གིས་ངོ་སྤྲོད་བྱས།

    གྲངས་རིག་གིས་དངོས་ཚན་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་མཐུན་རྐྱེན་སྦྱར་ཞིང་། མིག་སྔའི་བར་ཁྲུང་ཆིང་གིས་བཟོ་ལས་དྲ་སྦྲེལ་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད་ཁེ་ལས་ཁྲི་ལས་བརྒལ་བར་གྲངས་རིག་ཅན་ཕྱོགས་སྒྱུར་བྱ་རྒྱུར་རམ་འདེགས་བྱས་ནས་གྲངས་རིག་ཅན་གྱི་འཁོར་ཁང་1231བསྐྲུན་ཡོད། 2025ལོར་ཁྲུང་ཆིང་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་རིན་ཐང་འཕར་མས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྡུར་ཚད་ཀྱི་10%བཟུང་ཡོད།

    “འཁོར་འབྲེལ་དང་ས་ཁོངས་ཟུང་འབྲེལ”གྱིས་མཐུན་སྦྱོར་མཉམ་འདྲེས་ཀྱིས་ཚོ་འདུས་སྟོབས་ཆེར་བཏང་བ།

    ཐོན་ལས་ཀྱིས་མཉམ་ཤུགས་གཅིག་སྒྲིལ་དང་ས་ཁོངས་མཉམ་འདྲེས་ཀྱི་བར་མཐོངས་རྒྱ་ཆེར་བཏང་ཞིང་། ཁྲུང་ཆིང་གིས་ཐོན་ལས་འཁོར་འབྲེལ་གྱི་སྔ་ཕྱི་འབྲེལ་མཐུད་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་གི་ཐོན་ལས་གཞི་གཅིག་ཅན་གྱི་འཕེལ་རྒྱས། སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྤུས་འབྲས་ལེགས་གཉེར་བཅས་ལ་སྐུལ་འདེད་བཏང་ནས་གཅིག་ལ་གཅིག་རྟེན་དང་གཉིས་ཁེ་གཉིས་ཕན་གྱི་ཐོན་ལས་ཁོར་ཡུག་བསྐྲུན་ཡོད།

    སྒོ་དབྱེ་སྐུལ་ཁྲིད་དང་གོ་ལ་ཧྲིལ་པོར་སྦྲེལ་མཐུད་བྱས་ཤིང་། ཅང་ཅིན་ལྟེ་བའི་གྲུ་ཁའི་ཐོན་ལས་གླིང་དུ་སི་ཁྲོན་དབྱི་པིན་ནས་ཐོན་སྐྱེད་བྱས་པའི་རླངས་འཁོར་གྱི་ལྷུ་ལག་ཁག་གཅིག་འབྲི་ཆུ་བརྒྱུད་ནས་དབོར་ཡོང་བ་དང་། དེ་ནས་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་ནང་བླུགས་རྗེས་ཀོང་ཤིས་སུ་དབོར་བ་དང་། ཀོང་ཤིས་ནས་རྒྱ་མཚོ་བསྒྲལ་ཏེ་ཕྱི་རྒྱལ་ལ་དབོར་གྱི་ཡོད། ས་ཁོངས་ལག་གདང་སྦྲེལ་ནས་མཉམ་འགུལ་བྱས་པས་ཁྲུང་ཆིང་གི་གོ་ལ་ཧྲིལ་པོའི་ཁྲོམ་རར་སྐྱོད་པའི་གོམ་སྟབས་དེ་བས་བརྟན་དུ་ཕྱིན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་གཞིར་བཟུང་། མཉམ་འདྲེས་ཅན་དེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས། ཁྲུང་ཆིང་གིས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་གནས་དང་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཐོན་ལས་གསར་གཏོད་ལྟེ་གནས་མགྱོགས་མྱུར་བསྐྲུན་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་གསར་པ་ཧུར་ཐག་འབུལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།