དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

    《ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མགྱོཌ་སུ་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མགྱོགས་སུ་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མགྱོགས་སུ་གཏོང་བའི་བསམ་ཕྱོགས་དམིགས་ཚད་དང་། གཙོ་གནད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མགྱོགས་སུ་གཏོང་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    《འཆར་འགོད》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། “ཞིང་གསུམ”གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་པོར་དམིགས་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་སྤྱིའི་དམ་འཛིན་བྱ་གཞིར་བྱེད་པ། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་ཁྲིད་སྟོན་དུ་བྱེད་པ། སྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ་བཅས་བྱས་ནས། ཞིང་ལས་དེང་རབས་ཅན་མངོན་འགྱུར་ཐུབ་པ་དང་གྲོང་གསེབ་སྤྱིའི་ཆ་ནས་དེང་རབས་འཚོ་བའི་ཆ་རྐྱེན་འཛོམས་པར་འཕེལ་རིམ་གལ་ཆེན་བྱུང་བར་སྐུལ་འདེད་གཏོང་དགོས།

    《འཆར་འགོད》ནང་བཏོན་དོན། 2030ལོར་སླེབས་སྐབས། འབྲུ་རིགས་ཀྱི་བདེ་འཇགས་རྨང་གཞི་རྒྱུན་མཐུད་བརྟན་དུ་འགྲོ་བ་དང་། ཞིང་ལས་ཕན་འབྲས་དང་འགྲན་རྩོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཞིང་ལས་ཚན་རྩལ་རང་ཚུགས་རང་དར་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་འགྲོ་བ། ཞིང་ལས་དེ་ཉིད་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་སྐྲུན་རྒྱུའི་འཕེལ་རིམ་གལ་ཆེན་དུ་སླེབས་པ། ཞིང་པའི་ཡོང་འབབ་རྒྱུན་མཐུད་མགྱོགས་པོ་འཕར་བ། གནས་འཕྲོས་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་བ། ཞིང་ལས་དང་གྲོང་གསེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱེད་དགོས། དེ་དང་དུས་མཚུངས། 2035ལོའི་དམིགས་ཚད་ལ་རྒྱང་ལྟའང་བྱས་པ་རེད།

    《འཆར་འགོད》ནང་ཚད་གཞི་མཐོ་བའི་ས་ཞིང་དང་། ཞིང་ལས་ཚན་རྩལ་གསར་གཏོད་ནུས་པ་དང་ཆ་རྐྱེན། མཛོད་འཇུག་སོས་ཉར་གྲང་ཕྲེང་ཟོག་འགྲུལ་སྒྲིག་བཀོད་སོགས་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ཐད་བཀོད་སྒྲིག་བྱས་ཤིང་། ཟས་རིགས་ཆེན་པོ་གསར་སྤེལ་དང་། “མི་ཐབས་རིག་ནུས་+”ཀྱི་ཞིང་ལས། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་རིམ་སྤོར། གྲོང་གསེབ་དེང་རབས་ཅན་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་སོགས་ཀྱི་འདུ་འགོད་དང་བྱ་སྤྱོད་གལ་ཆེན་བཏོན་ཏེ། རྒྱུན་རྣམ་ཅན་གྱི་དབུལ་ལོག་དང་དབུལ་ཕོངས་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་མ་ལག་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རེས་སྐོར་གསར་པའི་ཞིང་ལས་ཐོན་ཁུངས་བརྟག་དཔྱད་དང་ས་ཁུལ་དབྱེ་འབྱེད་བྱེད་པ། ཞིང་ལས་ཁྱབ་ཁོངས་ཀྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་སོགས་ཀྱི་སྲིད་ཇུས་བྱ་ཐབས་གལ་ཆེན་ཁ་གསལ་བཏོན་པ་མ་ཟད། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འཆར་འགོད་བདེ་བླང་ངང་ལག་ལེན་བསྟར་བར་འགན་སྲུང་བྱེད་དགོས་པའི་བླང་བྱའང་བཏོན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།