ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས།
ད་ལོའི་ཟླ་5ཚེས་28ཉིན་ནི་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་པར། རི་ཀླུང་བརྒལ་བ་དང་མཉམ་ལས་གཉིས་ཕན་གྱི་མཛའ་གྲོགས་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད།
མཐོ་རིམ་འགྲོ་འོང་གི་སྣེ་ཁྲིད་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་ཞིང་། 1971ལོའི་ཟླ་5ཚེས་28ཉིན། རྒྱལ་ཁབ་གཉིས་པོའི་དབར་དངོས་སུ་ཕྱི་འབྲེལ་བཙུགས་ཏེ་འགྲོ་འོང་གི་ལེའུ་གསར་པའི་འགོ་བརྩམས་པ་རེད། 2018ལོའི་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏེ་པེ་ལུན་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་དབར་མཛའ་གྲོགས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཐག་བཅད་པ་དེ་ཐོག་ནས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་མཚམས་གསར་པ་ཞིག་ཏུ་བསླེབས་པ་མཚོན་གྱི་ཡོད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡ་ནི་ཕྱོགས་གཉིས་མཉམ་ལས་ཀྱི་རོགས་ཟླ་ཙམ་མ་ཟད། ཕྱོགས་མང་རིང་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་མཁན་གྱི་མཉམ་སྐྱོད་པ་ཞིག་དེ་བས་ཀྱང་རེད། ཕྱོགས་གཉིས་པོས་ཆབ་སྲིད་ཀྱི་བློ་གྲོས་དང་། མིག་རྒྱང་རིང་པོ། བྱ་སྤྱོད་ངོ་མ་བཅས་ལ་བརྟེན་ཏེ། འདུ་ཤེས་འཛིན་སྟངས་དང་། སྤྱི་ཚོགས་ཀྱི་ལམ་ལུགས། འཕེལ་རྒྱས་ཀྱི་དུས་མཚམས་བཅས་མི་འདྲ་བའི་རྒྱལ་ཁབ་ཕན་ཚུན་དབར་ཞི་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཕན་བྱུང་བར་ར་སྤྲོད་ཐུབ་ཡོད།
དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་དམ་ཟབ་བྱས་པས་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། དུས་ཡུན་རིང་པོའི་ནང་། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་དབར་གྱི་ཚོང་དོན་དང་མ་འཇོག་རོགས་ཟླ་གལ་ཆེན་དུ་གྱུར་ཡོད། ཕྱི་འབྲེལ་བཙུགས་ཚུན། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལྡབ་400ལྷག་ཙམ་འཕར་ཏེ། མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། 2025ལོར། ཀྲུང་གོ་འདི་ཉིད་ཨོ་སི་ཁྲུ་རི་ཡའི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་གསུམ་པར་གྱུར་པ་དང་། ད་བར་ཨོ་སི་ཁྲུ་རི་ཡའི་ཁེ་ལས་650ལྷག་ཙམ་གྱིས་ཀྲུང་གོར་མ་འཇོག་དང་ལས་རིགས་དར་རྒྱས་བཏང་བར། མ་དངུལ་མཉམ་བསྡུས་ཀྱི་མཉམ་ལས་རྣམ་གྲངས་ཁག་1500ལྷག་ཙམ་ཟིན་ཞིང་། དེ་དག་ཁྲོད་གློག་འདྲེན་ཕྱེད་གཟུགས་དང་། རྩེར་སོན་གྱི་རྫས་འགྱུར་བཟོ་ལས། རླངས་འཁོར་གྱི་ལྷུ་ལག་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཁྱབ་ཁོངས་ཚུད་ཡོད་པ་རེད། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡས་དཔལ་འབྱོར་ཐད་ལེགས་ཆ་གསབ་རེས་དང་མཉམ་འདྲེས་གཏིང་ཟབ་བྱས་པས། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་པ་དང་། དེ་ནི་ཕན་ཚུན་གཉིས་ཕན་གྱི་དཔེ་མཚོན་ཡིན་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་ཡང་དེ་བས་མཐུན་ཡོད།
མི་ཆོས་རིག་གནས་སྤེལ་རེས་འཁྲུག་པོ་བྱས་པས་དམངས་སེམས་སྦྲེལ་མཐུད་ཀྱི་རྨང་གཞི་བརྟན་དུ་སོང་ཞིང་། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡ་གཉིས་ཀར་ཡུན་རིང་གི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་ལྡན་པས། མི་ཆོས་རིག་གནས་སྤེལ་རེས་བྱེད་པ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་མཐུན་སྦྲེལ་ཟམ་ཡིན། པེ་ཅིང་དང་། ཧྲང་ཧའེ། ཁྲེང་ཏུའུ། ཧྲེན་ཀྲེན། ཤིས་ཨན་སོགས་སུ་ཝི་ཨེན་ན་རུ་འཕུར་བའི་མཁའ་ལམ་ཡོད་པ་དང་། ཀྲུང་གོས་ཨོ་སི་ཁྲུ་རི་ཡའི་སྤྱི་དམངས་ལ་བཏོན་པའི་ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་ཕན་པ་ཡང་རྒྱུན་མཐུད་མངོན་གསལ་དོད་དུ་སོང་སྟེ། ཕྱོགས་གཉིས་དབར་མི་སྣ་འགྲོ་འོང་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་དུ་སོང་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་དམངས་ཁྲོད་འགྲོ་འོང་དང་ས་གནས་ཀྱི་མཉམ་ལས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མཛའ་གྲོགས་ཞིང་ཆེན་དང་ཀྲོའུ་དང་གྲོང་ཁྱེར་20ལྷག་ཙམ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བའི་གསོན་ཉམས་དོད་པའི་མཆན་འགྲེལ་དུ་གྱུར་ཡོད། ཕྱོགས་གཉིས་པོའི་དབར་ཡུལ་སྐོར་སྤྲོ་འཆམ་དང་ཚོང་དོན་མ་འཇོག་གི་ཚ་རླབས་རྒྱུན་མཐུད་འཕྱུར་ཞིང་རྒྱལ་ཁབ་གཉིས་པོའི་དམངས་སེམས་ཀྱི་སྦྲེལ་ཐག་ཀྱང་དེ་བས་དམ་དུ་ཕྱིན་ཡོད།
བློ་སེམས་གཅིག་ཏུ་མཐུན་གྱུར་ན། རི་ཀླུང་ཆོད་ཀྱང་ཉེ་བར་གནས། མཛའ་གྲོགས་ཀྱི་འཐབ་ཇུས་རོགས་ཟླ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངེས་གནས་གནད་ལ་འཁེལ་ཤོས་དེ་ཡིན་ལ། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་དུས་བབ་ཀྱི་ཚོད་བགམ་ཐེག་པའི་མཚོན་ཚུལ་དངོས་ཀྱང་ཡིན། བཞུད་ཟིན་པའི་ལམ་བུར་ཕྱི་མིག་ལྟ་སྐབས། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བ་ནི་རི་བོ་ཨར་པེ་སིའི་རྒྱུག་ཆུ་ཇི་བཞིན་རྒྱང་རིང་ནས་མདུན་ཕྱོགས་སུ་ཤང་ཤང་རྒྱུག རྒྱང་ལམ་གསར་པར་རྒྱང་ལྟ་བྱེད་སྐབས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ནི་འབྲི་ཆུ་ཇི་བཞིན་རྦ་རླབས་ལང་ལོང་མཁའ་རུ་འཕྱུར་ཞིང་རི་ཀླུང་བརྒལ་ཏེ་ནམ་ཡང་བཞུར་རྒྱུན་ཆད་མི་སྲིད། སྔ་འཛིན་ཕྱི་གཏོད་ཀྱི་འགོ་འཛུགས་ས་གསར་པར། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡ་ཕྱོགས་དང་མཉམ་དུ་གཙོ་བདག་ཕྱི་འབྲེལ་གྱི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་ཕྱོགས་གཉིས་འབྲེལ་བའི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད།
(རྩོམ་པ་པོ་ནི་ཨོ་སི་ཁྲུ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)
འབྲེལ་ཡོད་གསར་འགྱུར།