མཚོ་སྔོན་གྱི་རྫོང་ཁོངས་རི་སྐྱེས་སྲོག་ཆགས་ཀྱི་རི་མོ་གསལ་འགྲེལ་མེ་ལོང་ཐོག་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན《དགོན་ལུང་རྫོང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་གནས་ཚུལ་རགས་བསྡུས་དང་དེ་བཞིན་རི་མོ་གསལ་འགྲེལ་མེ་ལོང》དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཐད་ཀྱི་ཆེད་ལས་རང་བཞིན་གྱི་དཔེ་དེབ་ཐོག་མ་དེ་ཡིན་པའི་ངོས་ནས། དེབ་དེ་དཔེ་སྐྲུན་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བརྟག་དཔྱད་ཀྱི་སྟོང་ཆ་བསྐངས་ཏེ་བརྟག་དཔྱད་བྱས་འབྲས་བརྟན་དུ་གཏོང་བར་གནད་འཕིགས་གྲངས་གཞི་མཁོ་འདོན་བྱས་ཡོད།
དེབ་དེའི་ནང་དགོན་ལུང་རྫོང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་གཞི་རྩའི་གནས་ཚུལ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་པ་དང་། རྫོང་ཁོངས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བརྟག་དཔྱད་དང་དེ་བཞིན་འཚོ་སྡོད་ཁུལ་དཔྱད་དཔོག་གི་གྲུབ་འབྲས་གཙོ་བོར་བྱས་ནས། སྐམ་མཚོ་གཉིས་འཚོའི་རིགས་དང་། ལྟོ་བགྲོད་རིགས། འདབ་ཆགས་རིགས། འོ་འཐུང་རིགས་བཅས་རིགས་ཆེན་པོ་བཞིའི་སྐམ་སྐྱེས་རི་སྐྱེས་སྲོག་ཆགས་རིགས་271གི་ཆ་འཕྲིན་ཞིབ་ཕྲ་བསྡུས་པའི་ནང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་14དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིགས་55 དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་རིགས་42 “གསུམ་ལྡན་སྲོག་ཆགས”རིགས་190 ཀྲུང་གོར་དམིགས་བཀར་རིགས་27བཅས་ཚུད་ཡོད། དེབ་དེའི་ནང་སྐྱེ་དངོས་རིགས་ཚང་མའི་གཟུགས་དབྱིབས་ཀྱི་ཁྱད་ཆོས་དང་། ཁྱབ་རྒྱ། འཚོ་སྡོད་ཁོར་ཡུག སྲུང་སྐྱོང་རིམ་པ། དེ་བཞིན་འཚོ་གནས་ཀྱི་གནས་ཚུལ་བཅས་གསལ་པོ་མངོན་པ་དང་ཆབས་ཅིག 《སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས》ཀྱི་ཟུར་བཀོད་སྐྱེ་དངོས་རིགས་ཀྱི་མིང་གཞུང་དང《འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ཉེར་ཡོད་པའི་སྐྱེ་དངོས་རིགས་ཀྱི་ཉེན་ཡོད་མིང་གཞུང》ནང་བསྡུས་པའི་རིམ་པའི་ཆ་འཕྲིན་ཚུད་པ་དེར་ཚན་རིག་རང་བཞིན་དང་། ཆེད་ལས་རང་བཞིན། གོ་ཆོད་རང་བཞིན་བཅས་ལྡན་ཡོད།
དེབ་དེ་དངོས་སུ་དཔེ་སྐྲུན་བྱས་པ་དེ་ནི་དགོན་ལུང་རྫོང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བརྟག་དཔྱད་བྱས་འབྲས་གཅིག་སྡུད་ཐོག་མངོན་པ་ཞིག་ཡིན་ལ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་མཐུན་སྦྱོར་གཞོགས་འདེགས་བྱས་ནས་ཤུགས་བརྒྱབ་པའི་ལག་ལེན་གྱི་གྲུབ་འབྲས་ཤིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།